ཞི་ཅིན་ཕིན་གྱིས་ཡངས་གླིང་རྡོ་རྗེ་ལ་ཁས་ལེན་བྱས་པ།

རྒྱ་ནག་གཞུང་གིས་ཁ་བྲལ་ལ་ངོ་རྒོལ་དང་བོད་རང་བཙན་ལ་ངོ་རྒོལ་གྱི་སྲིད་བྱུས་ཟེར་བ་བསྒྲགས་སྐབས་ཡངས་གླིང་རྡོ་རྗེ་ལགས་ཀྱིས་རྒྱ་ནག་དབུས་གཞུང་ལ་དགོངས་འཆར་ཡི་གེ་ཐེངས་མང་ཕུལ་བར་སྐབས་དེའི་སྲིད་བློན་གཞོན་པ་ཞི་ཅིན་ཕིན་གྱིས་ཁོང་གི་བསམ་འཆར་དེ་ལག་བསྟར་བྱེད་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་འདུག

ཉེ་ལམ་ཕྱི་ཟླ་བཅུ་པའི་ཚེས་ ༢༥ ཉིན་བོད་ནང་གི་ཁྲིན་ཏུའུ་གྲོང་ཁྱེར་དུ།༼ སྐབས་བཞི་པའི་རྒྱལ་བསྟན་རིས་མེད་བགྲོ་གླེང་ཚོགས་འདུ། ༽ ཞེས་པ་ཚོགས་པའི་སྟེང་། བོད་རིགས་ཡངས་གླིང་རྡོ་རྗེ་ལགས་ཀྱིས་རང་ཉིད་ཀྱི་ལོ་རྒྱུས་མདོ་བསྡུས་ངོ་སྤྲོད་དང་། རྒྱ་ནག་དམར་ཤོག་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་འབྲེལ་ཏེ་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཆོས་ལུགས་ལ་བཟུང་བའི་ལྟ་ཚུལ་སོགས་ཀྱི་སྐོར་ལ་ཆུ་ཚོད་གཅིག་ལྷག་རིང་གསུང་བཤད་གནང་ཡོད་འདུག

སྐབས་དེར་ཡངས་གླིང་རྡོ་རྗེ་ལགས་ཀྱིས་དེ་སྔ་རིག་གནས་གསར་བརྗེ་སྐབས་ཁོང་གིས་རྒྱ་ནག་དབུས་གཞུང་ལ་ཡི་གེ་ཕུལ་ཏེ། སྡེ་དགེ་དཔར་ཁང་ཆེན་མོར་སྲུང་སྐྱོབ་གནང་བ་དང་། རྔ་བ་ཁུལ་གྱི་རྫོང་ཁག་ལྔའི་མི་ཁྲི་གསུམ་ལྷག་ལ་དྲག་པོའི་ཟིང་འཁྲུག་སློང་མཁན་ངོ་ལོག་པ་གསར་པའི་ཞྭ་མོ་གཡོག་སྐབས་དཀར་འདོན་བྱས་པ། དེ་བཞིན། ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཆོས་ལུགས་ལ་བཟུང་བའི་ལྟ་ཚུལ་ཡག་པོ་ཡོད་པ་སོགས་གསུངས་ཡོད་ལ། ཞི་ཅིན་ཕིན་དང་ཁོང་གཉིས་སྐོར་གྱི་གནས་ཚུལ་དུམ་བུ་ཞིག་འདིར་ལུང་འདྲེན་བྱས་ཡོད།

ཡངས་གླིང་རྡོ་རྗེ་ལགས་ཀྱིས་གསུངས་དོན། “༢༠༠༧ ལོ་ལ་བོད་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས། བོད་རང་བཙན་ལ་ངོ་རྒོལ་བྱེད་དགོས་ལབ་པ་རེད། དེ་ལབ་དུས་གང་མི་ཚད་རྒྱ་ཆེ་རུ་བཏང་སྟེ། ང་ཚོ་བོད་རིགས་ཚང་མ་ལ་གང་མི་ཚད་སྡུག་པོ་བཟོ་ཡི་ཡོད་པ་རེད། དེ་ནས་ངས་ཀྲུང་དབྱང་ལ་ཡིག་ཆ་ཐེངས་ ༡༠ ལ་བཏང་བ་ཡིན། རེད་དེ་བདེན་པའི་གཏམ་ལ་གཏམ་ལན་ཡོད་པ་མ་རེད། རྗེས་མ་ ༢༠༡༡ ལོ་ལ་ང་ལ་ཀྲུང་དབྱིང་གིས་ཤོག་ཟེར་ནས་བོད་ལྗོངས་ལྷ་སར་ཚོགས་འདུ་ཞིག་ལ་ཕྱིན་པ་ཡིན། སྐབས་དེར་ཞི་ཅིན་ཕིན་རྒྱལ་ཁབ་ཀྱི་སྲིད་འཛིན་གཞོན་པ་རེད། ཁོ་རང་ཡང་ལྷ་སར་ཕེབས་ཡོད་པ་རེད། ཉིན་ཞིག་ང་ཚོས་ཟ་མ་ཟ་སྐབས་ཞི་ཅིན་ཕིན་ཕར་ཕྱོགས་དེ་ན་བཞུགས་འདུག ཁོ་རང་གི་རོགས་པ་ཚང་མ་རྒྱལ་ཁབ་ཀྱི་ཐོན་ཀྲང་གཞོན་པའི་གྲས་རེད། ཁོ་རང་ཐོན་ཀྲང་རེད། ངས་ཁོ་ལ་ཨ་རག་ཅིག་བཏེག་པ་ཡིན། ཚོགས་འདུའི་སྐབས་སུ་ཁོ་རང་གིས་ངའི་མིང་དེ་ཧ་གོ་ཡིན་ས་རེད། དེ་མ་གཏོགས་ང་ཚོས་ཕན་ཚུན་མཐོང་མྱོང་ཡོད་པ་མ་རེད། ངས་ཨ་རག་འདེགས་སྐབས་ཁོ་རང་ཡར་ལངས་ནས་ངའི་སར་ཡོང་སྟེ་དགའ་འཛུམ་འཛུམ་ “ཁྱོད་ཀྱིས་ང་ཚོ་ལ་བསམ་འཆར་བཏོན་སོང་། ཁྱོད་ཀྱིས་བསམ་འཆར་བཏོན་པ་དེ་ང་ཚོས་ལག་བསྟར་བྱེད་རྩིས་ཡོད” ཟེར། ངས་བསམ་འཆར་ཡིག་ཆ་བཅུ་ཕུལ་བ་དེ་ཁོ་རང་ཕུལ་མེད། ཡིག་ཆ་ཚང་མ་ཧུའུ་ཅིན་ཐའོ་ལ་བྲིས་པ་ཡིན། དམངས་ཆེན་ལ་ཕུལ་བ་ཡིན། སྲིད་གྲོས་ཚོགས་གཙོ་ལིག་རོན་ཧཱན་ལ་ཕུལ་བ་ཡིན། ངས་ཁྱོན་བསྡོམས་ཡིག་ཆ་ཐེངས་བཅུ་ལ་བཏང་བ་ཡིན། གཏམ་ལ་གཏམ་ལན་ཡོད་པ་མ་རེད་དེ། ད་རེས་ངས་ཞི་ཅིན་ཕིན་ལ་ཆང་བཏེག་སྐབས་ཚིག་གསུམ་དེ་ང་ལ་བཤད་ཡོད་པ་རེད། ཁྱོད་ཀྱིས་ང་ཚོ་ལ་བསམ་འཆར་ཕུལ་བྱུང་། ཁྱོད་ཀྱིས་བསམ་འཆར་ཕུལ་བ་དེ་ང་ཚོས་ལག་བསྟར་བྱེད་རྩིས་ཡོད། ཅེས་བརྗོད་སོང་། ལག་བསྟར་བྱེད་རྩིས་ཡོད་ཟེར་བ་དེ་ལ་ང་གང་མི་ཚད་དགའ་ཐག་ཆོས་པ་རེད། ཕྱི་ཉིན་པོ་ཏ་ལའི་རྒྱབ་ཏུ་ཚོགས་ཆེན་ཚོགས་པ་རེད། དེའི་ཕྱི་ཉིན་ང་ཚོ་ཚང་མས་དཔར་བརྒྱབ་པ་རེད། པར་རྒྱག་སྐབས་ང་ཚོ་ཞིང་ཆེན་རིམ་པ་བང་རིམ་གསུམ་བྱས་ཏེ་བསྡད་པ་ཡིན། ང་དེའི་འཁྲིས་སུ་བསྡད་ཡིན། ངས་ཀྲུང་དབྱང་གི་མགོ་ཁྲིད་རྣམ་པ་བསླེབ་ཨ་ཡོད་ཕར་བལྟས་པ་ཡིན། ངའི་ཟུར་དེ་གར་མི་ཞིག་ལངས་འདུག སུ་ཡིན་ལྟ་དུས་ཞི་ཅིན་ཕིན་རེད། ང་ཡར་ལངས་སྐབས་ཡང་བསྐྱར་ཁོ་རང་གིས་ད་གིན་དེ་བཤད་ལུགས་གཅིག་པ་གཅིག་རྐྱང་གིས་ཡང་བསྐྱར་ཐེངས་གཅིག་བཤད་བྱུང་། ངས་ཐུགས་རྗེ་ཆེ། ཐུགས་རྗེ་ཆེ་ཞུས་པ་ཡིན། དེ་འདྲ་ཐེངས་མ་གཉིས་བཤད་སོང་། ཡིག་འབྲུ་གཅིག་འགུལ་ལྕོག་ཡོད་པ་མ་རེད། བཤད་ལུགས་གཅིག་པ་གཅིག་རྐྱང་རེད། ངས་ཕར་མ་བཤད་པར་ཁོ་རང་རང་ངོས་ནས་ང་ལ་ཚུར་བཤད་ཡོང་བ་རེད། ང་རང་དགའ་ཚོར་ཆེན་པོ་བྱུང་།” ཞེས་གསུངས་སོང་།

སྐུ་ཞབས་ཡངས་གླིང་རྡོ་རྗེ་ལགས་ནི་ ༡༩༣༡ ལོར་ཁམས་འབའ་ཐང་ནས་སྐྱེས་ཤིང་། ཀྲུང་གོ་གསར་པ་དབུ་བརྙེས་པའི་ལོ་སྟེ། ༡༩༤༩ ལོར་ཁོང་ཉིད་དགུང་ལོ་ ༡༨ ལ་སོན་སྐབས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་དུ་ཞུགས། ༡༩༨༠ གྱ་གྲངས་ཀྱི་ནང་དུ་ཁོང་དམར་ཤོག་ཚོགས་པ་དང་སྲིད་གཞུང་གི་མཐོ་རིམ་མགོ་ཁྲིད་ཀྱི་གྲས་སུ་བསླེབས། ཡིན་ཡང་འདི་དག་གིས་ཁོང་ལ་མཚམས་རེར་གཞུང་གི་སྲིད་བྱུས་ཀྱི་ལམ་ལུགས་མི་འགྲིག་པའི་སྐོར་ལ་སྐྱོན་བརྗོད་བྱེད་པའི་གཤིས་ཀ་དེར་འགྱུར་བ་གཏོང་ཐུབ་མེད། དཔེ་མཚོན་ཙམ་ཞུས་ན། སྔོན་མ་ཁོང་སི་ཁྲོན་ནས་ཕྱིར་རྒྱ་ནག་ཏུ་ལས་གནས་མ་བསྒྱུར་བའི་སྔོན་ལ་ཁོང་གིས། ཀྲུང་དབྱང་གིས་བོད་རིགས་བྱིས་པ་ཚོའི་ཤེས་ཡོན་སློབ་གསོའི་སྟེང་རོགས་སྐྱོར་མ་དངུལ་གང་འཚམ་ཞིག་བཏང་བ་དེ་དག་རྒྱ་ནག་གཞུང་གི་ལས་བྱེད་ཚོས་ལྐོག་ནས་ཁོང་ཚོའི་བྱིས་པ་ཚོའི་མདུན་ལམ་ཆེད་དུ་བཏང་བའི་ཐད་སྐྱོན་བརྗོད་ཤུགས་ཆེར་བྱས་འདུག

ཡངས་གླིང་རྡོ་རྗེ་ལགས་ཀྱིས་ཁོང་གི་མི་ཚེའི་བྱ་གཞག་གི་དུས་ཡུན་རིང་ཤོས་དེ་སི་ཁྲོན་ཏུ་བསྐྱལ་ཡོད། ཐོག་མར་དམར་ཤོག་གུང་གཞོན་ཚོགས་པའི་མགོ་ཁྲིད་དང་། དེ་རྗེས་སྡེ་དགེ་རྫོང་དང་རྔ་པ་ཁུལ་གྱི་དམར་ཤོག་ཚོགས་པའི་ཚོགས་མི་གནང་ཞིང་། མཐའ་མར་སི་ཁྲོན་ཞིང་ཆེན་གྱི་སྲིད་སྐྱོང་བ་གཞོན་པའི་གོ་གནས་སུ་བསླེབས། ༡༩༨༠ ལོ་ནས་ ༡༩༨༦ ལོའི་བར་ཁོང་ཉིད་གོང་གི་གོ་གནས་རང་འཇགས་ཐོག་བོད་རང་སྐྱོང་ལྗོངས་ཀྱི་སྲིད་སྐྱོང་བ་གཞོན་པའི་ཕྱག་ལས་གནང་བ་དང་། དེའི་རྗེས་སུ་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་དང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བཅས་ཀྱི་གོ་གནས་སུ་བསླེབས། ཕྱིར་སི་ཁྲོན་དུ་ཕེབས་པ་ནས་བཟུང་ཁོང་གིས་སི་ཁྲོན་ཞིང་ཆེན་གྱི་སྲིད་གྲོས་དང་དབུས་དམར་ཤོག་ཚོགས་པའི་ཚོགས་མི་སོགས་གོ་གནས་མཐོ་ས་དག་ཏུ་ཕྱག་ལས་གནང་ལ། ཁོང་གི་ཕྱག་ལས་ཕལ་ཆེ་བ་རིག་གཞུང་གི་ཕྱོགས་ཡིན་འདུག

ཟླ་སྔོན་མའི་ཚེས་ ༡༩ ཉིན་ཁོང་གིས་ཁྲིན་ཏུའུ་རུ་སི་ཁྲོན་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཚོགས་པའི་བོད་དོན་གྲོས་མོལ་ཚོགས་འདུ་ཐེངས་ ༦ པའི་ཚོགས་འདུའི་གཙོ་སྐྱོང་གནང་ལ། ཚོགས་ཆེན་དེའི་སྟེང་བོད་ཀྱི་ས་ཁུལ་གང་ས་ནས་ཕེབས་པའི་བོད་རིག་པའི་མཁས་པ་དང་ཉམས་ཞིབ་པ་མི་ ༡༢༠ འཛོམས་ཡོད་ཅིང་། ཡང་གླིང་རྡོ་རྗེ་ལགས་ཀྱི་གཏམ་བཤད་ཀྱི་བརྗོད་གཞི་ནི། ༼རྒྱ་ནག་གཞུང་གིས་མི་རིགས་དང་ཆོས་ལུགས་ལས་དོན་ཐད་བཟུང་བའི་སྲིད་བྱུས་༽ཞེས་པ་ཡིན་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༧/༡༢/༢༦

Leave a Reply

13 thoughts on “ཞི་ཅིན་ཕིན་གྱིས་ཡངས་གླིང་རྡོ་རྗེ་ལ་ཁས་ལེན་བྱས་པ།

  1. སྐུ་ཞབས་ཡངས་གླིང་རྡོ་རྗེ།ཕོ།༡༩༣༡ལོའི་རྒྱ་ཟླ་༢པའི་ནང་སྐུ་འཁྲུངས།ཕ་ཡུལ་ཁམས་འབའ་ཐང་ས་ཁུལ།བོད་རིགས།ཀྲུང་གུང་ཏང་ཡོན།གསང་བའི་ཏང་གི་སྐབས་སུ་ཏང་ཚོ་ཆུང་གི་འགོ་འཛིན།ཤར་བོད་དམངས་གཙོའི་གཞོན་ནུ་མནའ་མཐུན་ཚོགས་པའི་ཀྲི་པུ་ཧྲུའུ་ཅི་གཞོན་པ།ལས་ཞོར་དུ་ཀྲུང་གུང་ལི་ཐང་རྫོང་ཨུ་ཧྲུའུ་ཅི།ཀྲུང་གུང་སྡེ་དགེ་རྫོང་ཨུ་ཧྲུའུ་ཅི་དང་པོ་དང་དྲག་ཆས་པུའུ་ཆབ་སྲིད་ཨུ་ཡོན་དང་པོ་བཅས་ཀྱི་འགན་བཞེས་མྱོང་།རིག་གནས་གསར་བརྗེའི་སྐབས་སུ་མནར་གཅོད་ཀྱང་ཕོག་མྱོང་།རིག་གནས་གསར་བརྗེའི་ཕྱི་དུས།དཀར་མཛེས་ཁུལ་མི་རིགས་ལས་བྱེད་སློབ་གྲྭའི་སློབ་སྤྱི་དང་དེའི་ཏང་སྤྱི་ཀྲི་པུ་ཧྲུའུ་ཅིའི་འགན་བཞེས།དེ་ནས་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཁུལ་ཨུ་ཧྲུའུ་ཅི་དང་པོའི་འགན་བཞེས་པ་དང་།ཞོར་དུ་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་དང་ཁུལ་སྲིད་གྲོས་ཀྲུའུ་ཞི།ཡན་ལག་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་དང་པོ་བཅས་ཀྱི་འགན་བཞེས།སི་ཁྲོན་ཞིང་ཆེན་ཞིང་དཔོན་གཞོན་པ་དང་།ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཚོགས་ཀྱི་ཧྲུའུ་ཅི་དང་ཞོར་དུ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ།བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྲུའུ་ཞི་བཅས་ཀྱི་འགན་བཞེས།ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཚོགས་ཏང་གི་ལོ་རྒྱུས་ཡིག་ཆ་འཚོལ་སྡུད་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན།ཀྲུང་གུང་ཀྲུང་དབྱང་ས་གནས་ནད་སྣ་འགོག་བཅོས་དབུ་ཁྲིད་ཚོ་ཆུང་གི་ཁོངས་མི་སོགས་ཀྱི་འགན་བཞེས་མྱོང་།ལས་གནས་སི་ཁྲོན་ཞིང་ཆེན་དུ་ཚུར་སྤོས་རྗེས།སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་༼ཞིང་ཆེན་རིམ་པ་དངོས་ཀྱི་གནས་ཚད༽དང་ཏང་ཚོ་ཆུང་གི་ཧྲུའུ་ཅི་གཞོན་པ།ཀྲུང་གུང་སྐབས་བཞི་པའི་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།གཞན་ཡང་གུང་གཞོན་ཚོགས་པ་རྫོང་ཨུ་ཧྲུའུ་ཅི་དང་ཁུལ་ཨུ་ཧྲུའུ་ཅི།གུང་གཞོན་ཚོགས་པ་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ཧྲུའུ་ཅི་གཞོན་པ།ཞིང་ཆེན་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།གུང་གཞོན་ཚོགས་པ་རྒྱལ་ཡོངས་སྐབས་གསུམ་པ་དང་བཞི་པའི་ཀྲུང་དབྱང་གསབ་སྒུག་ཨུ་ཡོན་བཅས་ཀྱི་འགན་བཞེས་མྱོང་།༡༩༩༨ལོར་སྤྱི་ཟླ་༡༢པའི་ནང་ལས་བཞག་ངལ་གསོ་གནང་།དེ་ནས་སི་ཁྲོན་ཞིང་ཆེན་ཕྱི་རབས་པ་སེམས་འཁུར་ལས་དོན་ཨུ་ཡོན་ལྷན་ཁང་གི་བློ་འདོན་པ་དང་།ཀྲུང་གུང་རྒྱལ་ཡོངས་སྐབས་བཅུ་གཅིག་པ།སྐབས་བཅུ་གཉིས་པ།སྐབས་བཅུ་གསུམ་པ་བཅས་ཀྱི་འཐུས་མི།སྐབས་བཅུ་གཉིས་པའི་ཀྲུང་གུང་ཀྲུང་དབྱང་གསབ་སྒུག་ཨུ་ཡོན།སྐབས་བདུན་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མི་བཅས་ཀྱི་འགན་བཞེས།
    མཛད་འཕྲིན་གཙོ་བོ་ནི། ཏང་སྲིད་ལས་དོན་དུས་ཡུན་རིང་པོར་སྒྲུབ་ལ།རིག་གནས་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་ཆེས་བཟང་བ་དང་ལྡན་པ།ལག་ལེན་ཉམས་མྱོང་ཕུན་སུམ་ཚོགས་པོར་ཡོད་པ།སྡེ་དགེ་རྫོང་དང་།རྔ་བ་ཁུལ།སི་ཁྲོན་ཞིང་ཆེན་སྲིད་གྲོས།བོད་རང་སྐྱོང་ལྗོངས་སོགས་སུ་ལས་དོན་སྒྲུབ་རིང་།ནན་ཏན་གྱིས་ཏང་གི་མི་རིགས་སྲིད་ཇུས་སམ་མི་རིགས་ས་ཁུལ་གྱི་རང་སྐྱོང་སྲིད་ཇུས།འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་སྲིད་ཇུས་ལག་ལེན་དོན་འཁྱོལ་གནང་།ལོ་བཅུའི་རིང་གི་རིག་གནས་གསར་བརྗེ་ཆེན་པོའི་སྐབས།གྱེན་ལོག་ཤོག་ཁག་གིས་རྒྱལ་ཕྱི་ནང་ཀུན་ཏུ་གྲགས་པ་ཆེ་བའི་སྡེ་དགེ་པར་ཁང་གཏོར་བཤིག་དང་མེ་རྫས་ཀྱིས་གཏོར་གྲབས་བྱེད་ཚེ།ཁོང་གིས་གནས་ཚུལ་འདི་ཤེས་ནས།རང་ཉིད་ཀྱང་མ་རྩ་རིང་ལུགས་པ་ཟེར་ནས་མནར་གཅོད་ཕོག་བཞིན་པ་ལ་མ་འཛེམ་པར།ཐབས་མཁས་པོས།ཀྲུའུ་ཙང་ལི་ལ་དངོས་ཡོད་གནས་ཚུལ་ཞུས་ནས་སྲུང་སྐྱོབ་གནང་དགོས་པའི་རེ་བ་སྟོན་པ་ལྟར།ཀྲུའུ་ཙང་ལིས་སྡེ་དགེ་པར་ཁང་སྲུང་སྐྱོབ་བྱ་དགོས་ཞེས་པའི་བཀའ་གནང་སྟེ།སྡེ་དགེ་པར་ཁང་ལ་གཏོར་བཤིག་ཚབས་ཆེན་མ་བྱུང་བ་རེད།རྗེས་ནས་རྒྱལ་ཡོངས་གལ་ཆེའི་རིག་དངོས་སྲུང་སྐྱོབ་བྱེད་ཡུལ་དུ་གཏན་འཁེལ་བྱས།གསར་བརྗེ་དང་འཛུགས་སྐྲུན་ལག་ལེན་ཀྱི་བརྒྱུད་རིམ་རིང་པོར།མི་རིགས་ས་ཁུལ་རང་སྐྱོང་དང་།དམངས་གཙོ་གསར་བརྗེ།སྤྱི་ཚོགས་རིང་ལུགས་བསྒྱུར་བཀོད།བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བཅས་ལ་ཞུགས་ནས།དུས་ཀུན་ཏུ་དཔལ་འབྱོར་འཕེལ་རྒྱས་ལྟེ་བར་བཟུང་སྟེ་རྒྱུན་འཁྱོངས་བྱས་ཤིང་།དཔལ་འབྱོར་ལས་རིགས་འདྲ་མིན་དང་སྤྱི་ཚོགས་ལས་དོན་སྣ་ཚོགས་འཕེལ་རྒྱས་མྱུར་དུ་བཏང་སྟེ།ནུས་ཤུགས་ལྡན་པའི་སྒོ་ནས་ས་གནས་དེ་གའི་འཛུགས་སྐྲུན་ལས་རིགས་ཁག་མྱུར་དུ་འཕེལ་རྒྱས་འགྲོ་བ་ལ་སྐུལ་སྤེལ་གནང་བས་མང་ཚོགས་ཀྱི་འཚོ་བར་ལེགས་བཅོས་ཆེར་བྱུང་ཡོད།མི་རིགས་སློབ་གསོ་དང་མི་རིགས་རིག་གནས་ལ་མཐོང་ཆེན་ཚད་མེད་གནང་ནས།བོད་ལྗོངས་དང་རྔ་བ་ཁུལ་སོགས་སུ་བཞུགས་སྐབས།གོང་རིམ་གྱི་རེ་བ་ལྟར།ཕྱོགས་ཡོངས་སུ་ཏང་གི་ལམ་ལུགས།བྱེད་ཕྱོགས་དང་སྲིད་ཇུས་ལག་ལེན་མཐར་ཕྱིན་གནང་བ་དང་།ཕྱོགས་སོ་སོའི་སྲིད་ཇུས་དོན་འཁྱོལ་ཡོང་བ་ལ་དམ་འཛིན་ལྷོད་མེད་གནང་།བཟོས་རྫུན་འཕྱུགས་གསུམ་གྱི་གྱོད་གཞི་ཧ་ཅང་མང་པོ་དཀར་སར་ཕུད།༡༩༧༨ལོར།བརྟག་དཔྱད་ཞིབ་འཇུག་བྱས་པར་བརྒྱུད།༡༩༦༨ལོར་རིག་གནས་གསར་བརྗེ་ཆེན་པོའི་སྐབས་རྔ་བ་ཁུལ་རྫོང་ཁག་ལྔ་ནས་དྲག་པོའི་འཛིང་འཁྲུགས་བྱས་པའི་མི་ཁྲི་གསུམ་ལྷག་ལ་ངོ་ལོག་ཟིང་སློང་བ་གསར་པའི་ཞྭ་མོ་བཀོན་འདུག་པ་དེ་དག་དཀར་སར་ཕུད་རྒྱུར་རྒྱུན་འཁྱོངས་གནང་བས།ཀྲུང་དབྱང་གིས་ཆོག་མཆན་ཐོབ་ནས།མི་གྲངས་ཁྲི་གསུམ་ལྷག་དེ་དཀར་སར་བཞགདེའི་སྐབས་སུ་ཤུགས་རྐྱེན་ཐེབ་སའི་མི་གྲངས་ཁྲི་བཅོ་ལྔ་ཡར་མར་ཟིན་ཡོད།༡༩༧༩ལོ་སྤྱི་ཟླ་༡༠པའི་ཚེས་༢༨ཉིན།མི་རིགས་གནད་དོན་གྱི་ངོ་བོ་ནི་གྲལ་རིམ་གྱི་གནད་དོན་རེད་ཅེས་པའི་ནོར་འཁྲུལ་ཅན་གྱི་རིག་པའི་གཞུང་ལུགས་རྒྱལ་ཡོངས་སུ་དར་ཁྱབ་སོང་འདུག་པ་དེ་ལ།བློ་སྟོབས་ཆེན་པོའི་སྒོ་ནས་དོགས་འདྲི་སློང་བས།ཞིང་ཆེན་དང་ཀྲུང་དབྱང་གི་ཡིད་མཐུན་དང་ལེན་ཐོབ་ནས།༡༩༨༠ལོ་སྤྱི་ཟླ་༧པ་དང་༨པའི་ནང་།ཀྲུང་དབྱང་གིས་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུའི་ཟིན་བྲིས་གནད་བསྡུས་ཀྱི་བརྡ་ཡིག་ཅེས་པ་དང་།མི་དམངས་ཉིན་རེའི་ཚགས་པར་ནང་དཔྱད་གཏམ་པའི་རྩོམ་ཡིག་གི་ཚུལ་དུ་པར་ངོས་ཧྲིལ་པོར་མི་རིགས་གནད་དོན་གྱི་ངོ་བོ་ནི་གྲལ་རིམ་གྱི་གནད་དོན་རེད་ཅེས་པའི་ནོར་འཁྲུལ་ཅན་གྱི་རིག་པའི་གཞུང་ལུགས་དེ་ལ་དགག་པ་བྱས་འདུག

  2. རིན་པོ་ཆེ།

    བསམ་འགྲུབ་ཚེ་རིང་ལགས། ཞེ་ན་པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་པ་དང་ཡངས་གླིང་རྡོ་རྗེ་མཇལ་འཕྲད་གནང་བ་གཉིས་ལ་འབྲེལ་བ་འདུག་གསུང་གི་ཡོད་པ་རེད་དམ། སྐབས་དེར་ཡངས་གླིང་རྡོ་རྗེ་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་དཔོན་རིགས་ཤིག་ཡིན་བསམ་སོང་།

  3. བརྩོན་འགྲུས་ཉི་མ།

    དུས་བབ་ཚང་གིས་སྲིད་བློན་གཞོན་པ་ཞི་ཅིན་ཕིན་དང་། སྲིད་འཛིན་གཞོན་པ་ཞི་ཅིན་ཕིན་ཞེས་མ་འདྲ་བ་གཉིས་འབྲི་དགོས་དོན་གང་ཡིན་ནམ། ཡངས་གླིང་རྡོ་རྗེས་ཀྲུའུ་ཞི་གཞོན་པ་ཟེར་འདུག

  4. གཞུང་པ་ཚེ་དབང་བསོད་ནམས་

    གཏམ་སྟོང་བཤད་ན་མཆིན་པ་ན་།
    མེ་སྟོང་འབར་ན་རྫ་ལ་ཚིག་།
    ཟེར་ཡང་ཟེར་ལ་བདེན་ཡང་བདེན་།
    བདེན་གཏམ་ངོ་མ་བཤད་ཡོད་དོ་།