རྒྱ་ནག་གཞུང་གིས་ཁ་བྲལ་ལ་ངོ་རྒོལ་དང་བོད་རང་བཙན་ལ་ངོ་རྒོལ་གྱི་སྲིད་བྱུས་ཟེར་བ་བསྒྲགས་སྐབས་ཡངས་གླིང་རྡོ་རྗེ་ལགས་ཀྱིས་རྒྱ་ནག་དབུས་གཞུང་ལ་དགོངས་འཆར་ཡི་གེ་ཐེངས་མང་ཕུལ་བར་སྐབས་དེའི་སྲིད་བློན་གཞོན་པ་ཞི་ཅིན་ཕིན་གྱིས་ཁོང་གི་བསམ་འཆར་དེ་ལག་བསྟར་བྱེད་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་འདུག
ཉེ་ལམ་ཕྱི་ཟླ་བཅུ་པའི་ཚེས་ ༢༥ ཉིན་བོད་ནང་གི་ཁྲིན་ཏུའུ་གྲོང་ཁྱེར་དུ།༼ སྐབས་བཞི་པའི་རྒྱལ་བསྟན་རིས་མེད་བགྲོ་གླེང་ཚོགས་འདུ། ༽ ཞེས་པ་ཚོགས་པའི་སྟེང་། བོད་རིགས་ཡངས་གླིང་རྡོ་རྗེ་ལགས་ཀྱིས་རང་ཉིད་ཀྱི་ལོ་རྒྱུས་མདོ་བསྡུས་ངོ་སྤྲོད་དང་། རྒྱ་ནག་དམར་ཤོག་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་འབྲེལ་ཏེ་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཆོས་ལུགས་ལ་བཟུང་བའི་ལྟ་ཚུལ་སོགས་ཀྱི་སྐོར་ལ་ཆུ་ཚོད་གཅིག་ལྷག་རིང་གསུང་བཤད་གནང་ཡོད་འདུག
སྐབས་དེར་ཡངས་གླིང་རྡོ་རྗེ་ལགས་ཀྱིས་དེ་སྔ་རིག་གནས་གསར་བརྗེ་སྐབས་ཁོང་གིས་རྒྱ་ནག་དབུས་གཞུང་ལ་ཡི་གེ་ཕུལ་ཏེ། སྡེ་དགེ་དཔར་ཁང་ཆེན་མོར་སྲུང་སྐྱོབ་གནང་བ་དང་། རྔ་བ་ཁུལ་གྱི་རྫོང་ཁག་ལྔའི་མི་ཁྲི་གསུམ་ལྷག་ལ་དྲག་པོའི་ཟིང་འཁྲུག་སློང་མཁན་ངོ་ལོག་པ་གསར་པའི་ཞྭ་མོ་གཡོག་སྐབས་དཀར་འདོན་བྱས་པ། དེ་བཞིན། ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཆོས་ལུགས་ལ་བཟུང་བའི་ལྟ་ཚུལ་ཡག་པོ་ཡོད་པ་སོགས་གསུངས་ཡོད་ལ། ཞི་ཅིན་ཕིན་དང་ཁོང་གཉིས་སྐོར་གྱི་གནས་ཚུལ་དུམ་བུ་ཞིག་འདིར་ལུང་འདྲེན་བྱས་ཡོད།
ཡངས་གླིང་རྡོ་རྗེ་ལགས་ཀྱིས་གསུངས་དོན། “༢༠༠༧ ལོ་ལ་བོད་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས། བོད་རང་བཙན་ལ་ངོ་རྒོལ་བྱེད་དགོས་ལབ་པ་རེད། དེ་ལབ་དུས་གང་མི་ཚད་རྒྱ་ཆེ་རུ་བཏང་སྟེ། ང་ཚོ་བོད་རིགས་ཚང་མ་ལ་གང་མི་ཚད་སྡུག་པོ་བཟོ་ཡི་ཡོད་པ་རེད། དེ་ནས་ངས་ཀྲུང་དབྱང་ལ་ཡིག་ཆ་ཐེངས་ ༡༠ ལ་བཏང་བ་ཡིན། རེད་དེ་བདེན་པའི་གཏམ་ལ་གཏམ་ལན་ཡོད་པ་མ་རེད། རྗེས་མ་ ༢༠༡༡ ལོ་ལ་ང་ལ་ཀྲུང་དབྱིང་གིས་ཤོག་ཟེར་ནས་བོད་ལྗོངས་ལྷ་སར་ཚོགས་འདུ་ཞིག་ལ་ཕྱིན་པ་ཡིན། སྐབས་དེར་ཞི་ཅིན་ཕིན་རྒྱལ་ཁབ་ཀྱི་སྲིད་འཛིན་གཞོན་པ་རེད། ཁོ་རང་ཡང་ལྷ་སར་ཕེབས་ཡོད་པ་རེད། ཉིན་ཞིག་ང་ཚོས་ཟ་མ་ཟ་སྐབས་ཞི་ཅིན་ཕིན་ཕར་ཕྱོགས་དེ་ན་བཞུགས་འདུག ཁོ་རང་གི་རོགས་པ་ཚང་མ་རྒྱལ་ཁབ་ཀྱི་ཐོན་ཀྲང་གཞོན་པའི་གྲས་རེད། ཁོ་རང་ཐོན་ཀྲང་རེད། ངས་ཁོ་ལ་ཨ་རག་ཅིག་བཏེག་པ་ཡིན། ཚོགས་འདུའི་སྐབས་སུ་ཁོ་རང་གིས་ངའི་མིང་དེ་ཧ་གོ་ཡིན་ས་རེད། དེ་མ་གཏོགས་ང་ཚོས་ཕན་ཚུན་མཐོང་མྱོང་ཡོད་པ་མ་རེད། ངས་ཨ་རག་འདེགས་སྐབས་ཁོ་རང་ཡར་ལངས་ནས་ངའི་སར་ཡོང་སྟེ་དགའ་འཛུམ་འཛུམ་ “ཁྱོད་ཀྱིས་ང་ཚོ་ལ་བསམ་འཆར་བཏོན་སོང་། ཁྱོད་ཀྱིས་བསམ་འཆར་བཏོན་པ་དེ་ང་ཚོས་ལག་བསྟར་བྱེད་རྩིས་ཡོད” ཟེར། ངས་བསམ་འཆར་ཡིག་ཆ་བཅུ་ཕུལ་བ་དེ་ཁོ་རང་ཕུལ་མེད། ཡིག་ཆ་ཚང་མ་ཧུའུ་ཅིན་ཐའོ་ལ་བྲིས་པ་ཡིན། དམངས་ཆེན་ལ་ཕུལ་བ་ཡིན། སྲིད་གྲོས་ཚོགས་གཙོ་ལིག་རོན་ཧཱན་ལ་ཕུལ་བ་ཡིན། ངས་ཁྱོན་བསྡོམས་ཡིག་ཆ་ཐེངས་བཅུ་ལ་བཏང་བ་ཡིན། གཏམ་ལ་གཏམ་ལན་ཡོད་པ་མ་རེད་དེ། ད་རེས་ངས་ཞི་ཅིན་ཕིན་ལ་ཆང་བཏེག་སྐབས་ཚིག་གསུམ་དེ་ང་ལ་བཤད་ཡོད་པ་རེད། ཁྱོད་ཀྱིས་ང་ཚོ་ལ་བསམ་འཆར་ཕུལ་བྱུང་། ཁྱོད་ཀྱིས་བསམ་འཆར་ཕུལ་བ་དེ་ང་ཚོས་ལག་བསྟར་བྱེད་རྩིས་ཡོད། ཅེས་བརྗོད་སོང་། ལག་བསྟར་བྱེད་རྩིས་ཡོད་ཟེར་བ་དེ་ལ་ང་གང་མི་ཚད་དགའ་ཐག་ཆོས་པ་རེད། ཕྱི་ཉིན་པོ་ཏ་ལའི་རྒྱབ་ཏུ་ཚོགས་ཆེན་ཚོགས་པ་རེད། དེའི་ཕྱི་ཉིན་ང་ཚོ་ཚང་མས་དཔར་བརྒྱབ་པ་རེད། པར་རྒྱག་སྐབས་ང་ཚོ་ཞིང་ཆེན་རིམ་པ་བང་རིམ་གསུམ་བྱས་ཏེ་བསྡད་པ་ཡིན། ང་དེའི་འཁྲིས་སུ་བསྡད་ཡིན། ངས་ཀྲུང་དབྱང་གི་མགོ་ཁྲིད་རྣམ་པ་བསླེབ་ཨ་ཡོད་ཕར་བལྟས་པ་ཡིན། ངའི་ཟུར་དེ་གར་མི་ཞིག་ལངས་འདུག སུ་ཡིན་ལྟ་དུས་ཞི་ཅིན་ཕིན་རེད། ང་ཡར་ལངས་སྐབས་ཡང་བསྐྱར་ཁོ་རང་གིས་ད་གིན་དེ་བཤད་ལུགས་གཅིག་པ་གཅིག་རྐྱང་གིས་ཡང་བསྐྱར་ཐེངས་གཅིག་བཤད་བྱུང་། ངས་ཐུགས་རྗེ་ཆེ། ཐུགས་རྗེ་ཆེ་ཞུས་པ་ཡིན། དེ་འདྲ་ཐེངས་མ་གཉིས་བཤད་སོང་། ཡིག་འབྲུ་གཅིག་འགུལ་ལྕོག་ཡོད་པ་མ་རེད། བཤད་ལུགས་གཅིག་པ་གཅིག་རྐྱང་རེད། ངས་ཕར་མ་བཤད་པར་ཁོ་རང་རང་ངོས་ནས་ང་ལ་ཚུར་བཤད་ཡོང་བ་རེད། ང་རང་དགའ་ཚོར་ཆེན་པོ་བྱུང་།” ཞེས་གསུངས་སོང་།
སྐུ་ཞབས་ཡངས་གླིང་རྡོ་རྗེ་ལགས་ནི་ ༡༩༣༡ ལོར་ཁམས་འབའ་ཐང་ནས་སྐྱེས་ཤིང་། ཀྲུང་གོ་གསར་པ་དབུ་བརྙེས་པའི་ལོ་སྟེ། ༡༩༤༩ ལོར་ཁོང་ཉིད་དགུང་ལོ་ ༡༨ ལ་སོན་སྐབས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་དུ་ཞུགས། ༡༩༨༠ གྱ་གྲངས་ཀྱི་ནང་དུ་ཁོང་དམར་ཤོག་ཚོགས་པ་དང་སྲིད་གཞུང་གི་མཐོ་རིམ་མགོ་ཁྲིད་ཀྱི་གྲས་སུ་བསླེབས། ཡིན་ཡང་འདི་དག་གིས་ཁོང་ལ་མཚམས་རེར་གཞུང་གི་སྲིད་བྱུས་ཀྱི་ལམ་ལུགས་མི་འགྲིག་པའི་སྐོར་ལ་སྐྱོན་བརྗོད་བྱེད་པའི་གཤིས་ཀ་དེར་འགྱུར་བ་གཏོང་ཐུབ་མེད། དཔེ་མཚོན་ཙམ་ཞུས་ན། སྔོན་མ་ཁོང་སི་ཁྲོན་ནས་ཕྱིར་རྒྱ་ནག་ཏུ་ལས་གནས་མ་བསྒྱུར་བའི་སྔོན་ལ་ཁོང་གིས། ཀྲུང་དབྱང་གིས་བོད་རིགས་བྱིས་པ་ཚོའི་ཤེས་ཡོན་སློབ་གསོའི་སྟེང་རོགས་སྐྱོར་མ་དངུལ་གང་འཚམ་ཞིག་བཏང་བ་དེ་དག་རྒྱ་ནག་གཞུང་གི་ལས་བྱེད་ཚོས་ལྐོག་ནས་ཁོང་ཚོའི་བྱིས་པ་ཚོའི་མདུན་ལམ་ཆེད་དུ་བཏང་བའི་ཐད་སྐྱོན་བརྗོད་ཤུགས་ཆེར་བྱས་འདུག
ཡངས་གླིང་རྡོ་རྗེ་ལགས་ཀྱིས་ཁོང་གི་མི་ཚེའི་བྱ་གཞག་གི་དུས་ཡུན་རིང་ཤོས་དེ་སི་ཁྲོན་ཏུ་བསྐྱལ་ཡོད། ཐོག་མར་དམར་ཤོག་གུང་གཞོན་ཚོགས་པའི་མགོ་ཁྲིད་དང་། དེ་རྗེས་སྡེ་དགེ་རྫོང་དང་རྔ་པ་ཁུལ་གྱི་དམར་ཤོག་ཚོགས་པའི་ཚོགས་མི་གནང་ཞིང་། མཐའ་མར་སི་ཁྲོན་ཞིང་ཆེན་གྱི་སྲིད་སྐྱོང་བ་གཞོན་པའི་གོ་གནས་སུ་བསླེབས། ༡༩༨༠ ལོ་ནས་ ༡༩༨༦ ལོའི་བར་ཁོང་ཉིད་གོང་གི་གོ་གནས་རང་འཇགས་ཐོག་བོད་རང་སྐྱོང་ལྗོངས་ཀྱི་སྲིད་སྐྱོང་བ་གཞོན་པའི་ཕྱག་ལས་གནང་བ་དང་། དེའི་རྗེས་སུ་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་དང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བཅས་ཀྱི་གོ་གནས་སུ་བསླེབས། ཕྱིར་སི་ཁྲོན་དུ་ཕེབས་པ་ནས་བཟུང་ཁོང་གིས་སི་ཁྲོན་ཞིང་ཆེན་གྱི་སྲིད་གྲོས་དང་དབུས་དམར་ཤོག་ཚོགས་པའི་ཚོགས་མི་སོགས་གོ་གནས་མཐོ་ས་དག་ཏུ་ཕྱག་ལས་གནང་ལ། ཁོང་གི་ཕྱག་ལས་ཕལ་ཆེ་བ་རིག་གཞུང་གི་ཕྱོགས་ཡིན་འདུག
ཟླ་སྔོན་མའི་ཚེས་ ༡༩ ཉིན་ཁོང་གིས་ཁྲིན་ཏུའུ་རུ་སི་ཁྲོན་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཚོགས་པའི་བོད་དོན་གྲོས་མོལ་ཚོགས་འདུ་ཐེངས་ ༦ པའི་ཚོགས་འདུའི་གཙོ་སྐྱོང་གནང་ལ། ཚོགས་ཆེན་དེའི་སྟེང་བོད་ཀྱི་ས་ཁུལ་གང་ས་ནས་ཕེབས་པའི་བོད་རིག་པའི་མཁས་པ་དང་ཉམས་ཞིབ་པ་མི་ ༡༢༠ འཛོམས་ཡོད་ཅིང་། ཡང་གླིང་རྡོ་རྗེ་ལགས་ཀྱི་གཏམ་བཤད་ཀྱི་བརྗོད་གཞི་ནི། ༼རྒྱ་ནག་གཞུང་གིས་མི་རིགས་དང་ཆོས་ལུགས་ལས་དོན་ཐད་བཟུང་བའི་སྲིད་བྱུས་༽ཞེས་པ་ཡིན་འདུག
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།