གནས་མཇལ་ཆོས་ཞུ་བ་ཚོར་བཞུཊ་གནས་སོཊ་གོ་སྒྲིག་ཡོད།

འདི་ལོར་བོད་ནས་གནས་མཇལ་དུ་ཕེབས་མཁན་ཚོར་གནས་མཆོག་རྡོ་རྗེ་གདན་གཏེར་སྒར་དགོན་དུ་བཞུགས་གནས་དང་ཞལ་ལག་སོགས་གོ་སྒྲིག་གནང་བཞིན་འདུག

དེང་སང་བོད་ནས་གནས་མཇལ་ཆོས་ཞུ་བ་མང་པོ་ཡོང་སྟེ་གནས་མཆོག་རྡོ་རྗེ་གདན་གཙོ་བོར་གྱུར་བའི་གནས་ཆེན་ཁག་ལ་མཇལ་སྐོར་དུ་ཕེབས་ཀྱི་ཡོད་སྟབས། དབུས་སྣེ་ལེན་ཁང་གི་གོ་སྒྲིག་འོག་གནས་མཆོག་རྡོ་རྗེ་གདན་གྱི་གཏེར་སྒར་དགོན་དུ་བཞུགས་གནས་དང་ཞོགས་ཟས་སོགས་ཀྱི་མཐུན་སྦྱོར་གནང་བཞིན་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་དབུས་སྣེ་ལེན་ཁང་གི་འགན་འཛིན་དཔལ་ལྡན་དོན་འགྲུབ་ལགས་སུ། བོད་ནས་ཕེབས་པའི་གནས་མཇལ་ཆོས་ཞུ་བ་ཚོར་གནས་མཆོག་རྡོ་རྗེ་གདན་དུ་བཞུགས་གནས་སོགས་ཀྱི་མཐུན་སྦྱོར་ག་འདྲ་གནང་གི་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། རྩ་བའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གསུང་ཆོས་རྩ་ཆེན་པོ་དེ་འདྲ་གནང་སྐབས། གནས་མཇལ་སོགས་ཆོས་རང་གི་ཆེད་དུ་བོད་ནས་ཕེབས་པའི་བོད་རིགས་སྤུན་ཟླ་ཚོར་རྒྱ་ཆེ་ཆུང་དང་ཡག་ལུགས་ལ་མ་ལྟོས་པར་བཞུགས་ས་སོགས་ང་ཚོས་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་། ཕྱི་ལོ་ ༢༠༡༨ ལོར་གནས་མཆོག་རྡོ་རྗེ་གདན་དུ་གསུང་ཆོས་ཡོད་པ་ཉེ་སྔོན་ཕྱི་ཟླ་དགུ་པ་བཅུ་པའི་ནང་གཞི་ནས་ཤེས་སྟེ། དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་པ་ཚོས་ང་ལ་གྲ་སྒྲིག་བྱོས་གསུངས་པ་ལྟར། ཉེ་སྔོན་ང་རྡོ་རྗེ་གདན་དུ་ཕྱིན་ཏེ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཐུགས་འགན་གཙོ་བོ་བཞེས་མཁན་བླ་མ་ཆོས་གྲགས་ལགས་སུ་ཞལ་པར་གྱི་ཐོག་ནས་གསོལ་འདེབས་ཞུས་པ་ལྟར། རྡོར་གདན་གཏེར་སྒར་དགོན་པའི་ནང་གནས་མཇལ་བ་ཚོར་བཞུགས་གནས་གོ་སྒྲིག་ཞུ་ཐུབ་སོང་།

འཆར་ལོར་གསུང་ཆོས་འདི་འདྲ་ཞིག་ཡོད་པ་ཐོག་མའི་ཆར་ང་ཚོས་ཤེས་ཀྱི་མེད་དུས་ད་ལོའི་སྔོན་རྩིས་ཀྱི་འགྲོ་སྟངས་ཆ་ནས་དང་ཐོག་ང་ཚོར་དངུལ་གྱི་ཐོག་ནས་དཀའ་ངལ་གང་ལ་གང་འཚམ་ཞིག་འདུག་བསམ་པ་བྱུང་སོང་ཡང་། གཏེར་སྒར་དགོན་ནས་བཀའ་དྲིན་ཆེན་པོ་ཞེ་དྲགས་གནང་སྟེ་བཞུགས་གནས་དང་གསང་སྤྱོད། གདན་སོགས་ཆ་ཚང་ཞིག་ང་ཚོར་གཡར་གནང་སྟབས། ང་ཚོའི་ངོས་ནས་ཐབ་ཚང་སོགས་ཆུང་ཚེགས་རིགས་གྲ་སྒྲིག་བྱས་ཏེ། ཉེ་སྔོན་ནས་གནས་མཇལ་བ་ཚོར་སྣེ་ལེན་མཐུན་སྦྱོར་ཡོད་ཡོད་པ་ཡིན། ཞེས་བརྗོད་བྱུང་།

བཞུགས་གནས་ག་ཚོད་ཅིག་གོ་སྒྲིག་གནང་ཟིན་ཡོད་པ་དང་། མ་འོངས་པར་འདང་མིན་གྱི་དཀའ་ངལ་འཕྲད་ཚེ་ག་རེ་གནང་འཆར་ཡོད་དྲིས་པར་ཁོང་གིས། རྡོ་རྗེ་གདན་དུ་གསུང་ཆོས་སྔ་གཞུག་ཚང་མ་བསྡོམས་ན་ཉིན་ ༦ ཡིན་པ་དང་། ད་ལྟ་གཏན་འཁེལ་བ་ཞུ་ཐུབ་ཀྱི་མེད་ཀྱང་རོབ་རྩིས་བྱས་ན། གནས་མཇལ་ཆོས་ཞུ་བ་སུམ་བརྒྱ་བཞི་བརྒྱ་ཞིག་ཕེབས་ཀྱི་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། མ་འོངས་པར་དེ་ལས་མང་བ་བྱུང་ན་མི་སླེབ་ཀྱིན་སླེབ་ཀྱིན་གོ་སྒྲིག་ཞུ་རྒྱུ་ཡིན་སྐོར་བརྗོད་བྱུང་།

དེང་སང་དྷ་ས་མེག་གྷན་ཁུལ་གྱི་མགྲོན་ཁང་ ༥༥ ཙམ་ལ་ཆུ་གློག་བཀག་ཟིན་ཡོད་དུས་གནས་མཇལ་བ་མང་པོ་ཞིག་ལ་མགྲོན་ཁང་མ་རག་པའི་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། སྣེ་ལེན་ཁང་གི་ངོས་ནས་ཁོང་ཚོར་བཞུགས་གནས་གོ་སྒྲིག་གནང་ཐབས་ཡོད་མེད་དྲིས་པར། ཁྲིམས་དང་སྒྲིག་གཞིའི་འགྲོ་སྟངས་ཀྱི་ཐོག་ནས་སྣེ་ལེན་ཁང་ནང་བཙན་བྱོལ་དུ་ཕེབས་མཁན་ཚོ་གཅིག་པུར་མ་གཏོགས་གནས་མཇལ་ཆོས་ཞུ་བ་ཚོར་བཞུགས་ས་ཡོད་པ་མ་རེད། ཡིན་ནའང་། དགོས་མཁོ་ངེས་ཅན་གྱི་ཐོག་ནས་བཀའ་ཤག་དང་བདེ་སྲུང་ལས་ཁུངས་ནས་དམིགས་བསལ་གྱིས་གྲངས་ཐོ་ངེས་ཅན་ཞིག་གནང་སྟེ་ཉིན་འདི་འདྲ་ཞིག་ལ་བཞུགས་གནས་གྲ་སྒྲིག་དགོས་ཀྱི་འདུག་གསུང་པ་ཡིན་ན། དེ་སྔ་ཡང་ང་ཚོས་གོ་སྒྲིག་བྱས་པ་དེ་འདྲ་བྱུང་ཡོད་པ་རེད་ལ། མ་འོངས་པར་ཡང་ང་ཚོས་གྲ་སྒྲིག་བྱེད་ཆོག་གི་རེད། ཅེས་བརྗོད་བྱུང་།

བསྐྱར་བཅོས།: ༢༠༡༧/༡༢/༢༩

Leave a Reply

One thought on “གནས་མཇལ་ཆོས་ཞུ་བ་ཚོར་བཞུཊ་གནས་སོཊ་གོ་སྒྲིག་ཡོད།

  1. གཞུང་པ་ཚེ་དབང་བསོད་ནམས་

    སྔ་ལོ་དུས་དབང་ལ་རྒྱ་མིའི་བཀག་ནས་བོད་ནས་གནས་མཇལ་ཆོས་ཞུ་མང་པོ་སླེབ་ཐུབ་མེད་ན་ཡང་འདི་ལོ་གནས་མཇལ་ལ་བོད་ནས་མི་མང་པོ་ོཡོད་པའི་གནས་ཚུལ་ལ་དཔྱད་ཚེ་རྒྱ་མིའི་བོད་ནང་གུ་ཡངས་ཕྲན་བུ་གཏང་བ་མིན་འགྲོ་།