དྷ་ས་ཁུལ་གྱི་མགྲོན་ཁང་ ༡༩༣ ཙམ་གྱི་ཆུ་གློག་བཅད།

མངའ་སྡེ་གཞུང་ནས་ཆོག་མཆན་མེད་པར་ཆུ་གློག་བེད་སྤྱོད་བཏང་བ་སོགས་ཀྱི་ནག་ཉེས་འོག་ཧི་མ་ཅལ་མངའ་སྡེའི་ནང་ཁྱོན་མགྲོན་ཁང་ ༤༠༠ ལྷག་གི་ཆུ་གློག་བཅད་འདུགཉེ་སྔོན་ཧི་མ་ཅལ་མཐོ་རིམ་ཁྲིམས་ཁང་ནས་བཀའ་རྒྱ་བསྒྲགས་ཏེ། མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ནས་ཆོག་མཆན་མེད་པར་ཆུ་གློག་བེད་སྤྱོད་བཏང་བ་དང་། ཐོག་རྩེག་གི་ཚད་གཞི་ལས་བརྒལ་བ་སོགས་ཀྱི་ནག་ཉེས་འོག དྷ་རམ་ས་ལ་མེག་གྷན་ཁུལ་གྱི་མགྲོན་ཁང་ ༥༥ ཡི་ཆུ་གློག་བཅད་དེ་མགྲོན་པོར་སྣེ་ལེན་བྱེད་ཐབས་བྲལ་ཡོད་སྟབས། འདི་གའི་གསར་འགོད་པས་འབྲེལ་ཡོད་ལ་སྐད་ཆ་དྲིས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མེག་གྷན་དང་བྷག་སུའུ། དྷ་ཤོད་བཅས་ནས་རྒྱ་གར་དང་བོད་པའི་མགྲོན་ཁང་ཁྱོན་ ༡༩༣ དང་། ཧི་མ་ཅལ་མངའ་སྡེ་ཁྱོན་ཡོངས་ནང་མགྲོན་ཁང་ ༤༠༠ ལྷག་གི་ཆུ་གློག་བཅད་ཡོད་འདུག

མེག་གྷན་གྱི་རྒྱ་གར་མགྲོན་ཁང་ཞིག་ཏུ་ཞབས་ཞུའི་ལས་ཀ་བྱེད་བཞིན་པའི་རྒྱ་གར་བ་བྷི་ཇེ་ལགས་ཀྱིས་གསར་འགོད་པར། ཐེངས་འདིའི་ཐག་གཅོད་དེ་ནི་ཧི་མ་ཅལ་མཐོ་རིམ་ཁྲིམས་ཁང་ནས་གནང་བ་ཞིག་ཡིན་སྟབས། ང་ཚོས་སྒུག་ནས་འདུག་རྒྱུ་ལས་བྱེད་ཐབས་གང་ཡང་མེད་ལ། མཐའ་མའི་ཐག་གཅོད་སྐབས་ཁྲིམས་ཁང་ནས་ཁྲིམས་འགལ་གྱི་ཉེས་ཆད་དངུལ་སྤྲོད་ལབ་ན་སྤྲོད་རྒྱུ་དང་། ཡང་ན་མགྲོན་ཁང་གཏོར་རྒྱུ་ཡིན་ལབ་ན་དེ་རང་མ་གཏོགས་བྱེད་ཐབས་མེད་ལ། ཞབས་ཞུ་བ་ཚོ་ཉིན་ལྟར་ལས་མེད་ཆགས་ནས་བསྡད་ཡོད་སྐོར་བརྗོད་བྱུང་།

དྷ་རམ་ས་ལ་ནི་ཡུལ་སྐོར་སྤྲོ་འཆམ་པ་མང་བའི་ས་ཆ་ཞིག་ཡིན་ལ། ད་ལྟ་གནམ་གཤིས་ཀྱང་ཧ་ཅང་གྲང་མོ་མིན་སྟབས། མགྲོན་པོ་མང་བའི་དུས་སྐབས་ཤིག་ཡིན་ཡང་མགྲོན་ཁང་མང་པོའི་ཆུ་གློག་བཅད་རྗེས། དེ་སྔོན་མགྲོན་ཁང་མངག་གཏོང་བྱས་ཟིན་པའི་མགྲོན་པོ་མང་པོ་ཞིག་གིས་ཀྱང་ཕྱིར་འཐེན་བྱས་ཡོད་སྟབས། མགྲོན་ཁང་གི་སྦྱིན་བདག་ཚོར་གྱོང་ཆེན་པོ་ཕོག་གི་ཡོད་པ་མ་ཟད། མགྲོན་ཁང་གི་ཞབས་ཞུ་བ་ཚོ་ལའང་ལས་ཀ་མེད་ན་གླ་ཆའང་འབབ་རྒྱུ་མེད་པའི་སེམས་ངལ་ཡོང་བཞིན་འདུག

གསར་འགོད་པས་ས་གནས་གནད་ཡོད་མི་སྣར་དཀའ་ངལ་དེ་སེལ་བའི་ལམ་ཀ་ག་རེ་ཡོད་དྲིས་པར། ད་ལྟའི་ཆར་ཧི་མ་ཅལ་གྱི་གཞུང་འཛིན་གསར་རྙིང་བར་གྱི་རྩིས་ལེན་རྩིས་སྤྲོད་དང་། ཀང་ར་རྫོང་མཐོ་རིམ་ཁྲིམས་ཁང་ལོ་རྗེས་མའི་ཕྱི་ཟླ་ ༡ པོའི་ཚེས་ ༡༥ བར་གུང་སེང་བཏང་ཡོད་སྟབས། ཁྲིམས་འགལ་གྱི་ཉེས་ཆད་ཕོག་པའི་མགྲོན་ཁང་དེ་དག་གིས་ཉུང་མཐར་ལོ་རྗེས་མའི་ཕྱི་ཟླ་དང་པོའི་ཚེས་ ༡༥ བར་སྒུག་དགོས་ཀྱི་ཡོད་པ་དང་། དེའི་རྗེས་ཁྲིམས་ཁང་ནས་ཐག་གཅོད་ག་རེ་གནང་མིན་ལ་བལྟ་དགོས་སྐོར་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༡༢/༢༨

Leave a Reply

2 thoughts on “དྷ་ས་ཁུལ་གྱི་མགྲོན་ཁང་ ༡༩༣ ཙམ་གྱི་ཆུ་གློག་བཅད།

  1. དགེ་བཤེ་བློ་དགའ

    མདོ་དོན་ཁྱོན་བོད་པའི་མགྲོན་ཁང་ག་ཚད་གཅིག་ཁྲིམས་འགའ་ནང་ཚུབ་འདུག་་དྲི་བ་ཞུ་ཡུལ་མགྲོན་བདག་ལ་མ་དྲིས་པ་གཡོག་པོ་ལ་འདྲི་བ་དེར་ལྐུག་རྟཊ་མ་རེད་པས

  2. གཞུང་པ་ཚེ་དབང་བསོད་ནམས་

    ཉེས་པའི་བུ་ལ་ཉེས་པ་མ་བཏང་ན་།
    བྱེད་པོ་ཐམས་ཅད་ཉེས་པའི་རྒྱུ་རུ་འགྲོ་།