སྨན་རིའི་ཁྲི་འཛིན་ ༣༤ པ་བདམས་ཐོན་བྱུང་འདུག

དེ་རིང་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡ ཉིན། གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་དུ། དམ་ཅན་བོན་སྐྱོང་སྲུང་མར་བདེན་པ་བདར་ཏེ་སྨན་རིའི་ཁྲི་འཛིན་ ༣༤ པ་ངོས་འཛིན་ཟན་རྟགས་བསྒྲིལ་བར། མདོ་སྨད་ཤར་ཁོག་ཏུ་སྐུ་འཁྲུངས་པའི་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་དྲང་སྲོང་ཟླ་བ་དར་རྒྱས་མཆོག་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པར་རྟགས་སྒྲིལ་དུ་བབས་ཡོད་འདུག

རྟགས་སྒྲིལ་གྱི་གྲུབ་འབྲས་ཐོན་མ་ཐག་བོན་གཞིས་ཐོབ་རྒྱལ་གསར་པའི་སྐྱ་སེར་ཡོངས་ཀྱིས་དགའ་བསུའི་ཐལ་སྒྲ་དང་འབོད་སྒྲ་སྒྲོག་བཞིན་གསར་དུ་བདམས་ཐོན་བྱུང་བའི་སྨན་རིའི་ཁྲི་འཛིན་གསར་པར་རྟེན་འབྲེལ་གྱི་ཁ་བཏགས་སྒྲོན་འབུལ་ཞུས་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་ ༣ པའི་སྟེང་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་མཆོག་སྨན་རིའི་གཙུག་ལག་ཁང་གི་ཡང་སྟེང་དུ་གདན་འདྲེན་ཞུས་ཏེ་རྟེན་འབྲེལ་གྱི་ཆོ་ག་བསྒྲིགས་ཡོད་འདུག མི་འགྱངས་པའི་བོད་རབ་རྒྱན་ས་ཕོ་ཁྱི་ལོའི་གནམ་ལོ་གསར་ཚེས་ལ་ཁྲི་བཞེངས་ཀྱི་གསལ་བསྒྲགས་སྤེལ་རྒྱུ་ཡིན་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༢༧ ཉིན། སྨན་རིའི་ཁྲི་འཛིན་ངོས་འཛིན་གྱི་དངོས་གཞིའི་རྟགས་སྒྲིལ་དང་པོའི་སྐབས་རྟགས་རིལ་གཉིས་ཐོན་ཡོད་པ་དང་། རྟགས་རིལ་དེ་གཉིས་སླར་ཡང་སྒྲུབ་བུམ་ནང་བཅུག་སྟེ་སྒྲུབ་ཁང་དབང་དྲག་འབར་བའི་ཕོ་བྲང་དུ་ཡི་དམ་དཔལ་གསས་རྔམ་པའི་སྒྲུབ་པའི་གཞུང་བསྲིང་ནས་བོན་སྐྱོང་མ་བདུད་བཙན་རྒྱལ་གྱི་ཚོགས་མཆོད་མུ་མཐུད་དུ་སྒྲུབ་ཡོད་ཅིང་། སྐབས་དེར་ནམ་མཁར་མཇའ་མཚོན་ཤར་བ་སོགས་བྱུང་ཡོད་སྟབས་མང་ཚོགས་ཚོས་རྟགས་རྟེན་འབྲེལ་གྱི་མཚན་མ་བཟང་པོར་ངོས་འཛིན་ཞུས་ཡོད་འདུག

ཞྭ་དཀར་བསྟན་པའི་གཙུག་རྒྱན་རྒྱལ་བ་སྨན་རིའི་ཁྲི་འཛིན་གསར་འདེམས་རྟགས་སྒྲིལ་གྱི་ལས་རིམ་དེ་ནི། རྒྱལ་བ་སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུས་ཤིང་། སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་གཙོ་བྱས་པའི་བོད་ཕྱི་ནང་གཉིས་ཀྱི་གཡུང་དྲུང་བོན་གྱི་བླ་སྤྲུལ་དགེ་བཤེས་དང་། གནད་ཡོད་མི་སྣ་མང་པོར་ལམ་སྟོན་གྲོས་འདྲི་ཡང་ཡང་ཞུས་ཏེ། ཡུལ་དུས་གནས་བབ་སོགས་ལ་གཞིགས་ཏེ་བྱེས་སུ་བཞུགས་པའི་གཡུང་དྲུང་བོན་གྱི་དགེ་བཤེས་ཡོངས་ཀྱི་མཚན་བྱང་བསྡུས་ཏེ། སྨན་རི་བའི་རིང་ལུགས་དང་སྔོན་གྱི་ཕྱག་སྲོལ་ཁག་གཞིར་བཟུང་ཐོག ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༩ ཉིན་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སོ་ལན་ཞེས་པར་རྟེན་གཞི་བྱས་པའི་བོན་གཞིས་ཐོབ་རྒྱལ་གསར་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཟན་རྟགས་སྒྲིལ་བའི་ལས་རིམ་དངོས་སུ་དབུ་འཛུགས་གནང་ཡོད་པ་རེད།

ཐེངས་འདིའི་སྨན་རིའི་ཁྲི་འཛིན་བསྐོ་བཞག་གི་ལས་རིམ་སྐབས། སྔར་སྲོལ་ལྟར་རྟགས་སྒྲིལ་གྱི་དངོས་གཞིར་ཞུགས་པའི་དགེ་བཤེས་རྣམ་པས་རྟགས་སྒྲིལ་མཇུག་མ་རྫོགས་བར། རང་ཉིད་རྟགས་སྒྲིལ་དུ་འབབ་ཆེད་ལྷ་སྲུང་ལ་འཕྲིན་བཅོལ་གཏོང་བ་དང་ལས་རླུང་དར་བའི་བྱེད་སྒོ་རིགས་གང་ཡང་སྤེལ་མི་ཆོག་པའི་གསལ་བསྒྲགས་དམ་དོན་གནང་ཡོད་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༡༩ ཉིན་བོན་གཞིས་ཐོབ་རྒྱལ་གསར་པའི་སྒྲུབ་ཁང་དབང་དྲག་འབར་བའི་ཕོ་བྲང་དུ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། དཔལ་ཁྲི་བརྟན་ནོར་བུ་རྩེའི་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ། སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས། དེ་བཞིན། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དང་སྨན་རིའི་གྲྭ་ཚང་གི་གཉེར་པ། ཁྲི་བརྟན་ནོར་བུ་རྩེ་གྲྭ་ཚང་གི་དགེ་སྐོས་དང་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་བཅས་ལྷན་འཛོམས་ཐོག རྟགས་སྒྲིལ་ཁོངས་སུ་བཞུགས་པའི་དགེ་བཤེས་རྣམས་ཀྱི་མཚན་བྱང་སྨན་ཤོག་ཏུ་བྲིས་ཤིང་སྨན་སྤོས་དྲི་བཟང་གིས་སྦྱར་ཏེ་ཟན་རིལ་བསྒྲིལ་གནང་ཡོད་འདུག

ཕྱི་ཚེས་ ༢༡ ཉིན་བོན་གཞིས་ཐོབ་རྒྱལ་གསར་པའི་དགོན་གྲོང་གཉིས་ཀྱི་སེར་སྐྱ་མང་ཚོགས་ཀྱིས་སྨན་རིའི་ཁྲི་འཛིན་ ༣༤ པའི་རྟགས་སྒྲིལ་སྦྱོར་དངོས་རྗེས་གསུམ་ལ་བར་ཆད་ཟློག་ཆེད་རྒྱུན་བཞིས་གེགས་སེལ་སོགས་ཀྱི་རིམ་གྲོ་སྣ་ཚོགས་བསྒྲུབས་ཡོད་པ་དང་། ཕྱི་ཚེས་ ༢༢ ཉིན་གྱི་ཞོགས་པར་སྨན་རིའི་སྒྲུབ་ཁང་དུ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་རྣམ་གཉིས་དབུ་བཞུགས་ཐོག་བོན་སྐྱོང་དམ་ཅན་རྒྱ་མཚོ་སྡེ་ལ་ཚོགས་མཆོད་དང་། དཔལ་བསྟན་སྨན་རིའི་བླ་བྲང་ཉི་འོད་འཁྱིལ་བའི་ཡང་ཐོག་ཏུ་རྒྱལ་བ་སྨན་རི་བའི་ཡི་དམ་དཔལ་ཕུར་ནག་པོའི་ཚོགས་མཆོད་སོགས་བསྒྲུབས་ཡོད་འདུག

གཡུང་དྲུང་བོན་དྲ་ཚིགས་སུ་དགེ་བཤེས་དྲང་སྲོང་ཟླ་བ་མཆོག་གི་ལོ་རྒྱུས་འཁོད་པ་ལྟར་ན། ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་མཆོག་ནི། གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་གི་བོད་ཆུ་ཕོ་བྱི་བའི་ལོ་སྟེ། ཕྱི་ལོ་ ༡༩༧༢ ཟླ་བ་ ༡༡ ཚེས་ ༢༩ ཉིན་བོད་མདོ་སྨད་ཟིང་ཆུ་རྫོང་དགའ་མལ་གཡུང་དྲུང་དར་རྒྱས་གླིང་གི་ལྷ་སྡེ་མ་ཡོན་སྡེ་བའི་ཕྱུག་ཕྲུག་ཚང་ཞེས་པ་རུ་ཡབ་དཔལ་ཡོན་འབུམ་གསལ་དང་ཡུམ་ཀླུ་གཡང་ཕྱུག་མོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་སྐུ་ན་གཞོན་དུས་ཀྱི་མཚན་ལ་ནོར་བུ་བསམ་འཕེལ་ཞེས་ཞུ།

དགུང་གྲངས་ལྔ་བཞེས་ཐོག་ས་གནས་ཉིན་སློབ་ཏུ་ཕེབས་ནས་ཡི་གེ་ཀ་ཁ་འབྲི་ཀློག་སོགས་ཐོག་མར་བསླབ་གནང་། དགུང་གྲངས་བརྒྱད་ནས་གདན་ས་གཡུང་དྲུང་གླིང་གི་དགེ་བཤེས་སྒྲ་ཏོག་དཔལ་ཆེན་སྐྱབས་མཆོག་གི་མདུན་ནས་སྐྱབས་འགྲོ་འདོན་ཆོག་སོགས་ལ་སྦྱངས་མགོ་བཙུགས།

དགུང་གྲངས་བཅུ་གཅིག་བཞེས་ཐོག་དགའ་མལ་དགོན་གཡུང་དྲུང་དར་རྒྱས་གླིང་གི་དབུ་བླ་ཚབ་ཚ་བསྟན་པ་གོང་འཕེལ་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་ཚེ་རིང་སྐྲ་ཕུད་ཞུས་ཏེ་དགོན་པའི་སྒྲིག་ཁོངས་སུ་ཕེབས། མཚན་ལ་བཟོད་པ་བརྩོན་འགྲུས་སུ་གསོལ་གནང་།

དགུང་གྲངས་བཅུ་གཉིས་ཙམ་ནས་སློབ་དཔོན་སྐལ་བཟང་དར་རྒྱས་མཆོག་གི་སྐུ་མདུན་ནས་དགེ་བསྙེན་གཏན་ཁྲིམས་སྣ་ལྔ་ཞུས། དེ་ནས་རིམ་བཞིན་སློབ་གཉེར་གྱི་ཞོར་དུ་དགོན་པའི་དུང་པ་དང་། ཇ་འདྲེན། མཆོད་དཔོན། འཆམ་པོ་སོགས་གནང་།

དགུང་གྲངས་བཅུ་བདུན་བཞེས་ཐོག་དགའ་མལ་དགོན་ཆེན་གྱི་མཁན་པོ་ཤེས་རབ་མཐར་ཕྱིན་དང་སློབ་དཔོན་སྐལ་བཟང་དར་རྒྱས་རྣམ་གཉིས་ཀྱི་དྲུང་དུ་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་ཞུས་ཤིང་མཚན་ལ་ཚུལ་ཁྲིམས་ཉི་མ་ཞེས་སུ་གསོལ་བསྩལ་གནང་། ལོ་དེར་སློབ་དཔོན་སྐལ་བཟང་དར་རྒྱས་མཆོག་གི་སྐུ་མདུན་ནས་སྡུད་གྲྭའི་རིགས་ལམ་ཆེ་འབྲིང་ཆུང་གསུམ་ལ་སྦྱངས་པ་གནང་།

དགུང་གྲངས་བཅོ་བརྒྱད་བཞེས་ཐོག་དགའ་མལ་དགོན་དུ་བཤད་གྲྭར་དངོས་སུ་ཞུས་ཤིང་དཔོན་སློབ་ཡེ་ཤེས་རྒྱལ་མཚན་གྱི་མདུན་ནས་བློ་རྟགས་སྡུད་གསུམ་དང་། ཚད་མ་ཤེར་ཕྱིན་སོགས་ལ་སྦྱངས་པ་གནང་།

དགུང་གྲངས་ཉེར་གཉིས་བཞེས་ཐོག་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་མཆོག་འཁྲུངས་ཡུལ་དུ་ཆིབས་ཞལ་གནང་སྐབས་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་དག་པ་དྲང་སྲོང་གི་སྡོམ་པ་ཞུས། མཚན་ལ་ཟླ་བ་དར་རྒྱས་དབང་པོ་ཞེས་སུ་གསོལ་གནང་ནས་རྟེན་འབྲེལ་བཟང་།

དགུང་གྲངས་ཉེར་བཞི་བཞེས་ཐོག་དགའ་མལ་དགོན་གཡུང་དྲུང་དར་རྒྱས་གླིང་དུ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་མདུན་ནས་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་བཞེས་གནང་། སྔ་ཕྱིར་དགའ་མལ་དགོན་དུ་མཚན་ཉིད་དགེ་སྐོས་དང་། ཚོགས་ཆེན་དགེ་སྐོས་སོགས་ཀྱི་ཐུགས་འགན་གནང་།

དགུང་གྲངས་ཉེར་ལྔ་བཞེས་ཐོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཐོག་མར་ཕེབས་ནས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུས་ཤིང་། རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པའི་དྲུང་དུ་མཚན་ཉིད་བཀའ་པོད་དྲུག་ལ་སྦྱངས་པ་གནང་། སློབ་གཉེར་གྱི་ཞོར་དུ་བཤད་སྡེའི་གཉེར་པ་དང་། དགེ་སྐོས། ཚོགས་གཞོན། སྨན་རིའི་གྲྭ་ཚང་གཉེར་པ། གསང་སྔགས་སྒོམ་སྒྲུབ་གླིང་གི་གཉེར་པ། སྨན་རིའི་ཚང་གི་ལས་གཉེར་སོགས་གནང་།

ཕྱི་ལོ་ ༢༠༡༢ ལོར་གཡུང་དྲུང་བོན་གྱི་བླ་ཆེན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་ཆེན་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་དང་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་ཀྱི་དྲུང་དུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་བཞེས། དེ་ནས་བཟུང་རྒྱལ་བ་སྨན་རི་བའི་བཀའ་དགོངས་ལྟར་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དངུལ་གཉེར་དང་། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་སོགས་གནང་ཡོད་པ་དང་།


ཕྱི་ལོ་ ༢༠༡༨ ཟླ་བ་དང་པོའི་ཚེས་དང་པོ་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་སོགས་བོད་ཕྱི་ནང་གི་བོན་གྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་དང་། གནད་ཡོད་མི་སྣ་མང་པོས་བཀའ་བགྲོས་ཡུན་རིང་གནང་མཐར་སྔར་སྲོལ་བཞིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཡི་དམ་དབལ་གསས་རྔམ་པའི་གཞུང་དང་བསྟན་སྲུང་སྡེ་བཞིའི་གཞུང་བསྲང་སྟེ། དམ་ཅན་བོན་སྐྱོང་སྲུང་མར་བདེན་པ་བདར་གནང་བའི་འབྲས་རྟགས་སུ་སྨན་རིའི་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་ཨ་མདོ་ཤར་པ་དྲང་སྲོང་ཟླ་བ་དར་རྒྱས་རིན་པོ་ཆེ་ཁོང་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པའི་རྟགས་སྒྲིལ་དུ་བབས་གནང་ཡོད།

ཉེ་ལམ་སྐུ་གཤེགས་མ་ཐག་པའི་ཞྭ་དཀར་བསྟན་པའི་གཙུག་རྒྱན་དཔལ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༣ པ་སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་ཕྱི་ལོ་ ༡༩༢༩ ལོར་མདོ་སྨད་ཤར་ཁོག་ཏུ་སྐུ་འཁྲུངས་ཤིང་། ༡༩༦༠ ལོར་དགུང་གྲངས་ ༣༢ ཐོག་རྒྱ་གར་དུ་ཕེབས་ལམ་ནས་གློ་ཆུ་མིག་བརྒྱ་རྩ་དང་ཀླུ་བྲག་དགོན་སོགས་སུ་ཕེབས་བཞུགས་མཛད། ༡༩༦༡ ལོར་དབྱིན་ཡུལ་དུ་ཕེབས་ཏེ་རྒྱལ་ས་ལོན་ཌོན་གྱི་གཙུག་ལག་སློབ་གཉེར་ཁང་ཆེན་མོར་བོད་དང་བོན་གྱི་རིག་གཞུང་འཆད་ཁྲིད་ཀྱི་ཞོར་དུ་དབྱིན་ཇིའི་སྐད་ཡིག་སློབ་སྦྱོང་གནང་ཡོད། ༡༩༦༣ ལོར་རྒྱ་གར་དུ་ཕེབས་ཏེ་༧གོང་ས་མཆོག་གི་བཀའ་ལྟར་མ་སུ་རི་སློབ་གྲྭ་དགེ་རྒན་གནང་བ་དང་། རྗེས་སུ་ནོར་ཝེ་རྒྱལ་ཁབ་ཏུ་ཕེབས་ཏེ་ཨོ་སུ་ལོ་མཐོ་སློབ་ཏུ་ལོ་གཉིས་རིང་དགེ་རྒན་གནང་། ༡༩༧༠ ལོར་རྒྱ་གར་སོ་ལན་དུ་ཡོད་པའི་བོན་གཞིས་ཐོབ་རྒྱལ་གསར་པར་བོན་གཤེན་བསྟན་སྨན་རིའི་གླིང་གི་དགོན་སྡེ་ཕྱག་བཏབས་མཛད་ཅིང་། ༢༠༡༧ ཟླ་ ༩ ཚེས་ ༡༤ ཉིན་གྱི་ཕྱི་དྲོར། བོན་གྱི་གདན་ས་དཔལ་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་ཐུགས་དམ་ངང་དགོངས་པ་བོན་དབྱིངས་སུ་ཐིམ་ཡོད་པ་རེད།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༨/༠༡/༠༢

Leave a Reply

One thought on “སྨན་རིའི་ཁྲི་འཛིན་ ༣༤ པ་བདམས་ཐོན་བྱུང་འདུག

  1. བསམ་འགྲུབ།

    གསར་འགྱུར་ཁ་གསལ་གཏིང་གསལ་ཞིབ་ཚགས་བཟོ་གནང་འདུག་པ་ཐུགས་རྗེ་ཆེ། ཉེ་ལམ་སྤྱི་ཟླ་དགུ་བའི་ནང་སྐུ་གྲོངས་པའི་སྨན་རིའི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གིས་བོད་གཞིས་ཐོབ་རྒྱལ་གསར་པར་གཤེན་བསྟན་སྨན་རིའི་གླིང་དགོན་པ་གསར་འདེབས་མཛད་པ་སོགས་གཡུང་དྲུང་བོན་གྱི་བསྟན་པ་ལ་བྱས་རྗེས་རླབས་པོ་ཆེ་བཞག་གནང་མཛད་ཡོད་པ་རེད། གསར་དུ་བདམས་ཐོན་བྱོང་བའི་སྨན་རིའི་ཁྲི་འཛིན་ ༣༤ པ་དྲང་སྲོང་ཟླ་བ་དར་རྒྱས་མཆོག་གིས་ཀྱང་བོད་ཁ་བ་གངས་ཅན་ལྗོངས་གཙོ་བོར་འགྱུར་བའི་འཛམ་གླིང་གི་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཉི་མ་ལྟར་འཆར་བར་མཛད་པ་དང་། བྱེ་བྲག་ཏུ་བོད་ཕྱི་ནང་གཉིས་དང་ཧི་མ་ལ་ཡའི་རི་རྒྱུད་སོགས་ཀྱི་བོན་བསྟན་བཤད་སྒྲུབ་ལས་གསུམ་དང་། ཁྱད་པར་དུ་སྨན་རིའི་གླིང་དགོན་པའི་འཛིན་སྐྱོང་སྤེལ་གསུམ་སོགས་ལ་ཐུགས་འགན་རླབས་པོ་ཆེ་བཞེས་གནང་མཛད་དེ་མཁའ་ཁྱབ་འགྲོ་བ་ཡོངས་གཡུང་དྲུང་བོན་གྱི་དཔལ་ལ་ལོངས་སུ་སྤྱོད་པར་ཤོག