བཀྲ་ཤིས་དབང་ཕྱུག་ལཊ་ཀྱི་ཁྲིམས་བཤེར་མཚམས་བཞག

དེ་རིང་སྔ་དྲོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་འབྲིང་རིམ་ཁྲིམས་ཁང་ཟེར་བ་དེས་བཀྲ་ཤིས་དབང་ཕྱུག་ལགས་སུ་ཆུ་ཚོད་ ༤ རིང་ཁྲིམས་བཤེར་བྱས་རྗེས་ཐག་གཅོད་གང་ཡང་མ་བྱུང་བར་ཁྲིམས་ར་གྲོལ་ཡོད་འདུག

དེ་རིང་སྔ་དྲོ་བོད་ནང་གི་ཆུ་ཚོད་ ༩།༣༠ ནས་ ༡།༣༠ བར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་འབྲིང་རིམ་ཁྲིམས་ཁང་གིས། བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ལ་དངོས་སུ་ཁྲིམས་ར་བསྡུས་ཏེ་ཆུ་ཚོད་ ༤ རིང་ཁྲིམས་བཤེར་བྱས་རྗེས། ཐག་གཅོད་གང་ཡང་མ་བྱུང་བར་ཁྲིམས་བཤེར་མཚམས་བཞག་ཡོད་པ་དང་། བཀྲ་ཤིས་དབང་ཕྱུག་ལགས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་འཛིན་བཟུང་གིས་བཀག་ཉར་འོག་བཞག་སྟེ་ལོ་ ༢ འགྲོ་བཞིན་ཡོད་པ་རེད།

བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་ཉིང་ཞོ་ཅིན་གྱིས་སྤྱི་ཚོགས་དྲ་ལམ་དུ། བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱ་སྐད་ཀྱི་ཐོག་ནས་ཁྲིམས་བཤེར་བྱས་ཡོད་པ་དང་། ཁྲིམས་རའི་ནང་དུ་དཔང་རྟགས་ཀྱི་ཚུལ་དུ་དེ་སྔོན་ནེའུ་ཡོག་དུས་བབ་ཀྱིས་བཀྲ་ཤིས་དབང་ཕྱུག་ལགས་སུ་བཅར་འདྲི་བྱས་པའི་(བོད་མི་ཞིག་གི་བདེན་དོན་འཚོལ་སྙེག་གི་ལམ་བུ)ཞེས་པའི་བརྙན་ཐུང་དེ་བསྟན་ཡོད་པ་དང་། ཉེས་འགེལ་གྱི་དཔང་རྟགས་དེའི་སྐོར་ལ་ཕྱོགས་གཉིས་ནས་བསམ་ཚུལ་བཏོན་ཡོད་པ་དང་། བཀྲ་ཤིས་དབང་ཕྱུག་ལགས་ནས་ཀྱང་དགོངས་ཚུལ་གསལ་སྟོན་གནང་ཡོད་སྐོར་བརྗོད་འདུག

རྒྱ་ནག་པེ་ཅིན་དུ་ཡོད་པའི་ནེའུ་ཡོག་དུས་བབ་གསར་ཁང་གི་གསར་འགོད་པ་ཁིར་སི་བྷག་ལི་(Chris Buckley)ལགས་ཀྱིས་ཁོ་རང་སྒེར་གྱི་ཊི་ཊིར་ཐོག བཀྲ་ཤིས་དབང་ཕྱུག་ལགས་ཀྱི་སྤུན་མཆེད་དང་ཡུལ་མི་ཁག་ཅིག་གིས་ཁྲིམས་ཁང་གི་ཕྱི་ལོགས་ན་བསྒུགས་ཡོད་པའི་འདྲ་པར་ཁག་ཅིག་བཀོད་པ་དང་སྦྲགས། བཀྲ་ཤིས་དབང་ཕྱུགས་ལགས་ལ་དཔྱད་ཁྲ་མེད་པར་ཁྲིམས་བཤེར་མཇུག་བསྡུས་ཡོད་པའི་སྐོར་བཀོད་འདུག་ལ། བོད་རིགས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་པར་རིས་དེ་དག་ངོ་དེབ་ཐོག་བརྒྱུད་འགོད་བྱས་ཏེ། བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ནང་མི་སྤུན་མཆེད་དང་ཁོང་གི་ཁྲིམས་རྩོད་པ་གཉིས་ཀྱང་ཁྲིམས་རའི་ཕྱི་ན་ཡོད་སྐོར་བརྗོད་འདུག

དེ་རིང་ཞོགས་པར་ཁྲིམས་རྩོད་པ་ཉིང་ཞོ་ཅིན་གྱིས། དེ་སྔོན་བཀྲ་ཤིས་དབང་ཕྱུག་ལགས་སུ་ཕྱི་རྒྱལ་གྱི་གསར་འགོད་པས་བཅར་འདྲི་བྱེད་སྐབས། ཁོང་གིས་བོད་ཀྱི་རིག་གཞུང་དང་སྐད་ཡིག་རྒྱུན་འཛིན་གྱི་གནད་དོན་ཐོག་དོ་འཁུར་དགོས་སྐོར་བརྗོད་པ་དེ་ནི། རྒྱལ་ཁབ་ཀྱི་མངོན་འདོད་ཁ་བྲལ་གཏོང་ཐབས་དང་། སྲིད་དབང་གྲུབ་གཞིར་འཇིགས་སྐུལ་བྱས་པ་ཞིག་ཆགས་མེད་པར་བརྟེན། ཁོང་ལ་ཁ་བྲལ་བའི་ནག་ཉེས་གང་ཡང་མེད་པས། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཉེས་འགེལ་དེ་ཁས་ལེན་བྱེད་ངེས་མ་རེད། ཅེས་དང་། རྒྱ་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ལ་ཉེས་མིང་བཙན་འགེལ་བྱས་པ་ཡིན་ནའང་ཁྲིམས་ཆད་ལོ་ ༢ ལས་མི་བརྒལ་བའི་རེ་བ་བརྒྱབ་བཞིན་ཡོད་སྐོར་ཡང་བརྗོད་འདུག

ཁ་སང་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་ལིན་ཆི་ལི་ཡིས་བཀག་ཉར་ཁང་དུ་བཀྲ་ཤིས་དབང་ཕྱུག་ལགས་སུ་ཐུག་འཕྲད་གནང་སྐབས། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཁྲིམས་བཤེར་དང་ལེན་དང་སྦྲགས། ཁྲིམས་ཁང་གིས་ཡོངས་གྲགས་ཀྱི་ཐོག་ནས་བརྗོད་དུ་འཇུག་མིན་མི་ཤེས་ཡང་ཁོང་ལ་ལྟ་ཚུལ་གསར་པ་མང་པོ་ཡོད་སྐོར་ལབ་ཡོད་པ་དང་། སོ་སོའི་མི་རིགས་རིག་གཞུང་དང་སྐད་ཡིག་ལ་དགའ་ཞེན། མི་རིགས་ཀྱི་དད་འདུན་ལ་གུས་བརྩི་བྱས་ན་ནག་ཉེས་སུ་རྩི་དགོས་དོན་མེད་སྐོར་བརྗོད་འདུག

ཁ་སང་ནས་བཟུང་བོད་རང་བཙན་སློབ་ཕྲུག་ཚོགས་པས་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱབ་སྐྱོར་མཚན་རྟགས་བསྡུ་རུབ་དང་། རྒྱ་ནག་གཞུང་ཚབ་ཁང་དག་ལ་ཐད་ཀར་ཁ་པར་བཏང་ནས་འདྲི་རྩད་དང་ཡིག་འཕྲིན་གཏོང་བའི་ལས་འགུལ་སྤེལ་ཏེ། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་གི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ལ་ཉེས་མེད་ཉེས་འགེལ་བྱེད་ཀྱི་ཡོད་པར་ངོ་རྒོལ་དང་། རྒྱལ་སྤྱིའི་དབུ་འཁྲིད་རྣམ་པས་དྲང་བདེན་ལ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ལས་འགུལ་སྤེལ་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༨/༠༡/༠༤

Leave a Reply