རྒྱལ་སྤྱིའི་ཆེད་མཁས་མི་སྣར་མཐོང་མཆན་སྤྲད་དེ་ཁེ་ཕན་ལེན་འཆར་འདུག

རྒྱ་ནག་གཞུང་གིས་སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་གཏོང་ཆེད་རྒྱལ་སྤྱིའི་ཆེད་མཁས་མི་སྣ་ཁྲི་ ༥ ལྷག་ལ་ལོ་ ༡༠ ཡི་མཐོང་མཆན་སྤྲོད་འཆར་ཡོད་འདུག

དེ་རིང་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གཞུང་གིས་འཛམ་གླིང་གི་ཆེད་མཁས་མི་སྣ་ཚོར་མཐོང་མཆན་ལོ་ ༡༠ རིང་སྤྲད་དེ། རྒྱ་ནག་ནང་ལོགས་སུ་ཆེད་ལས་གཉེར་དུ་འཇུག་རྒྱུ་ཡིན་འདུག་ལ། ལས་གཞི་དེའི་འོག་རྒྱལ་སྤྱིའི་གྲགས་ཅན་ཚན་རིག་པ་དང་འཕྲུལ་ལས་རིག་པ། དཔལ་འབྱོར་རིག་པ་བ། རྒྱལ་སྤྱིའི་ཨོ་རྩལ་ཕུལ་བྱུང་རྩེད་འགྲན་པ། དེ་བཞིན། འཛམ་གླིང་ཐོག་སྐད་གྲགས་ཅན་གྱི་མཐོ་སློབ་ཁག་གི་སློབ་གསོ་བ། རོལ་དབྱངས་དང་རི་མོའི་སྒྱུ་རྩལ་ཆེད་མཁས་པ། གཞན་ཡང་། ནོ་བྷེལ་གཟེངས་རྟགས་ཐོབ་མཁན་སོགས་ལ་མཐོང་མཆན་ལས་སླ་པོའི་ངང་སྤྲོད་འཆར་ཡོད་འདུག

དམིགས་བསལ་མཐོང་མཆན་སྤྲོད་པའི་ལས་གཞིའི་སྐོར་ལ་རྒྱ་ནག་གཞུང་གིས། ལས་གཞི་དེས་ཕྱི་གླིང་གི་མི་སྣ་ཁྲི་ ༥ ལྷག་ལ་ཕན་ཐོགས་ཡོང་རྒྱུ་ཡིན་སྟབས། ཆ་ཤས་ལེན་འདོད་ཡོད་མཁན་ཚོས་དྲ་ལམ་བརྒྱུད་རིན་མེད་ཀྱི་ཐོག་ནས་ཐོ་འགོད་བྱེད་ཆོག་པ་དང་། རྒྱ་ནག་ནང་བསླེབས་ཐེངས་རེར་ཉིན་གྲངས་ ༡༨༠ རིང་འདུག་ཆོག་པ་མ་ཟད། དུས་ཡུན་དེའི་རིང་སོ་སོའི་བཟའ་ཟླ་དང་བུ་ཕྲུག་བཅས་ལྷན་དུ་ཡོང་ཆོག་གི་ཡོད་སྐོར་བརྗོད་འདུག

ཆེད་མཁས་མི་སྣར་དམིགས་བསལ་མཐོང་མཆན་སྤྲོད་པའི་ལས་གཞི་དེ་ནི་རྒྱ་ནག་ནང་གི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་གཏོང་བའི་གལ་གནད་ཅན་ཞིག་ཏུ་རྩི་བཞིན་ཡོད་འདུག་ལ། ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གཞུང་ནས་ཕྱི་མིར་མཐོང་མཆན་སྤྲོད་པའི་སྲིད་བྱུས་ལ་དབྱེ་ཞིབ་བྱས་ཏེ། དམིགས་བསལ་འཇོན་ནུས་མེད་པའི་ཕྱི་གླིང་བ་རྒྱ་ནག་ནང་ཡོང་བར་ཉུང་འཕྲི་ཚོད་འཛིན་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༡/༠༥

Leave a Reply