ཕོ་བྲང་དཀར་པོའི་ནང་གི་འགད་རྫས།

དཔེ་དེབ་གསར་པ་ཞིག་གིས་ཨ་རིའི་སྲིད་འཛིན་གྱི་ལོ་གཅིག་གི་ལས་ཀར་བསྡོམས་ཚིག་བཀོད་ཡོད་པ་མ་ཟད། ཊི་རུམ་ཕིའི་བུ་མོ་ཨ་བན་ག་མ་འོངས་པར་སྲིད་འཛིན་འོས་མིར་བཞེངས་ཏེ་ལོ་རྒྱུས་ཐོག་གི་བུད་མེད་སྲིད་འཛིན་དང་པོ་ཆགས་རྒྱུའི་སྐྱ་ཐིག་འཐེན་བཞིན་ཡོད་སྐོར་སོགས་བྲིས་འདུག

ཟླ་འདིའི་ཚེས་ ༤ ཉིན་ཨ་རིའི་རྩོམ་པ་པོ་དང་གསར་འགོད་པ་མཱ་ཁེལ་ཝོལ་ཧྥི་(Michael Wolff)ལགས་ཀྱིས་ཁ་བྱང་ལ་ཞེ་སྡང་གི་མེ་ལྕེ་(Fire And Fury. (Inside The Trump White House)ཞེས་པའི་དཔེ་དེབ་ཅིག་དཔར་སྐྲུན་འགྲེམ་སྤེལ་བྱས་ཡོད་པ་དང་། དེར་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་དང་ཁོའི་ཁྲིམས་རྩོད་པས། སྐུ་ཞབས་མཱ་ཁེལ་ཝོལ་ཧྥི་དང་དཔར་སྐྲུན་ཁང་(Henry Holt & Company)གཉིས་ཀྱིས་གཞུང་གི་ཆོག་མཆན་མེད་པར་དེབ་དེ་དཔར་སྐྲུན་བྱེད་པ་ནི་ཁྲིམས་འགལ་ཡིན་སྐོར་བརྗོད་ཡོད་སྟབས། རྒྱལ་སྤྱིའི་གསར་ལམ་ཁག་གཙོ་བྱས་ཏེ་ཨ་རིའི་མི་མང་གིས་དེབ་དེར་དོ་སྣང་ཤུགས་ཆེ་རུ་ཕྱིན་ཏེ། ཁ་སང་ཕྱི་ཚེས་ ༥ ཉིན་དྲ་ཐོག་ཚོང་གཉེར་ཁང་ཨ་མ་རྫོན་(Amazon)དང་ཀུ་ཤུ་དཔེ་ཚོང་ཁང་(iBooks)སོགས་སུ་དེབ་དེ་བྲིན་རྒྱུག་ཆེ་ཤོས་ཆགས་ཡོད་འདུག

དེབ་དེའི་ནང་ཨ་རིའི་ཕོ་བྲང་དཀར་པོའི་ནང་གི་མི་སྣ་ཁག་གཙོ་བྱས་ཏེ་གནད་ཡོད་མི་སྣ་ ༢༠༠ ཙམ་ལ་བཅར་འདྲི་ཞུས་ཡོད་པ་དང་། བརྗོད་བྱ་གཙོ་བོ་ཌོ་ནལ་ཊི་རུམ་ཕི་ཨ་རིའི་སྲིད་འཛིན་དུ་བསྡད་དེ་ལོ་གཅིག་ཕྱིན་པའི་རིང་གི་ལས་དོན་བྱེད་ཕྱོགས་དང་ཨ་རིའི་ཆབ་སྲིད་ཀྱི་མ་འོངས་པའི་ཁ་ཕྱོགས་བཅས་ཀྱི་སྐོར་ཡིན་འདུག དེབ་དེའི་དཔར་སྐྲུན་སྲུང་སྐྱོབ་ཐད་སྐུ་ཞབས་མཱ་ཁེལ་ལགས་ཀྱིས། “ང་རང་གི་བསམ་བློའི་ནང་སོ་སོ་གསར་འགོད་པ་ཞིག་དང་རྩོམ་པ་པོ་ཞིག་ཡིན་པའི་འགན་འཁྲི་དེ་འཁུར་གྱི་ཡོད་དྲན་བསྡད་ཡོད། སྲིད་འཛིན་ཊི་རུམ་ཕིས་ཁྲིམས་མཐུན་གྱི་ལས་དོན་ལ་འཇིགས་སྐུལ་བཏང་བ་དེས་སྤྱི་ཚོགས་ནང་ངའི་དེབ་ཉོ་མཁན་ཇེ་མང་དུ་བཏང་སོང་བ་མ་ཟད། ཁོས་ང་ལ་དེབ་དེའི་དགོས་དམིགས་གཙོ་བོ་ག་རེ་ཡིན་པའང་ཁ་ཇེ་གསལ་དུ་བཏང་སོང་།” ཞེས་ཨ་རིའི་བརྙན་འཕྲིན་གསར་ཁང་ (NBC)ལ་བརྗོད་འདུག

སི་ཨིན་ཨིན་གསར་ཁང་གིས་གནས་ཚུལ་བཀོད་པ་ལྟར་ན། དེབ་དེའི་ནང་ཨ་རིའི་ཕོ་བྲང་དཀར་པོའི་སྤྱི་ཁྱབ་གྲོས་འདོན་པ་ཟུར་བ་སྐུ་ཞབས་སི་ཊི་ཝི་བྷ་ནོ་(Steve Bannon)ལགས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༧ པའི་ནང་སྲིད་འཛིན་ཊི་རུམ་ཕིའི་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་པལ་མ་ན་ཧྥོ་ཌི་(Paul Manaford)ལགས་གཙོས་པའི་ཊི་རུམ་ཕིའི་བུ་རྒན་པ་དང་བུ་མོའི་ཁྱོ་ག་ཇེ་རེ་ཌི་གོ་ཤི་ནར་(Jared Kushner)སོགས་ཀྱིས་ཨུ་རུ་སུའི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་བྱས་ཏེ། སྐབས་དེའི་ཊི་རུམ་ཕིའི་ཁ་གཏད་སྲིད་འཛིན་འོས་མི་ལྕམ་ཧན་ལེ་རེ་ཁུ་ལེན་ཊོན་ཕམ་པར་རྒྱག་ཐབས་བྱས་ཡོད་སྐོར་བརྗོད་ཡོད་སྟབས། ཁ་སང་ཕྱི་ཚེས་ ༥ ཉིན་སྲིད་འཛིན་ཊི་རུམ་ཕིས།  སི་ཊི་ཧྥི་བྷ་ནོ་དང་ངེད་གཉིས་བར་གནད་དོན་གང་ཡང་མེད་ཀྱང་། ཁོ་བོ་ཕོ་བྲང་དཀར་པོའི་སྤྱི་ཁྱབ་གྲོས་འདོན་པའི་ལས་གནས་ནས་ཕྱིར་འཕུད་བཏང་བ་ནས་བཟུང་ཁོ་རང་གི་ལས་གནས་ཤོར་བ་ཙམ་མ་ཟད་ཀླད་པར་ཡང་སྐྱོན་ཤོར་ཡོད་པ་རེད། ཅེས་སོགས་བརྗོད་ཡོད་འདུག

ཕྱི་ལོ་ ༢༠༡༦ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་ཐད་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ནས་དམིགས་བསལ་ཁྲིམས་དཔོན་བསྐོ་བཞག་བྱས་ཏེ། ད་བར་སྲིད་འཛིན་ཊི་རུམ་ཕིའི་ལས་རོགས་ཟུར་བ་དང་ལས་ཐོག་པ་མང་པོ་ཞིག་ལ་འདྲི་ཞིབ་བྱེད་བཞིན་ཡོད་པ་རེད།

ཡང་དེབ་དེའི་ནང་། སྲིད་འཛིན་ཊི་རུམ་ཕིའི་བུ་མོ་རྒན་པ་ཨ་བན་ག་ཊི་རུམ་ཕི་དང་ཁོ་མོའི་ཁྱོ་ག་གོ་ཤི་ན་གཉིས་གྲོས་བསྡུར་བྱས་ཏེ། མ་འོངས་པར་ཁོ་གཉིས་གང་རུང་ཨ་རིའི་སྲིད་འཛིན་འོས་མིར་ལངས་རྒྱུ་དང་། གལ་སྲིད་གོ་སྐབས་བྱུང་ན་ཨ་བན་ག་ཊི་རུམ་ཕི་ཨ་རིའི་སྲིད་འཛིན་དུ་ལངས་ཏེ་ཨ་རིའི་ལོ་རྒྱུས་ཐོག་གི་བུད་མེད་སྲིད་འཛིན་དང་པོ་ཆགས་རྒྱུ་ཡིན་པ་མ་ཟད། སྲིད་འཛིན་ཊི་རུམ་ཕིས་ད་ལྟ་ནས་རང་གི་བུ་མོ་ཨ་བན་ག་ཨ་རིའི་སྐུ་ལྕམ་དང་པོ་ལས་ལྷག་གི་ཐོབ་དབང་སྤྲད་ཡོད་སྟབས། ཊི་རུམ་ཕི་སྲིད་འཛིན་ཆགས་རྗེས་སྐུ་ལྕམ་དང་པོ་མལ་ན་ཡ་སེམས་མ་སྐྱིད་པ་ཆགས་ཡོད་སྐོར། དེ་བཞིན། ཉེ་ལམ་མ་གཏོགས་མི་གཅིག་གིས་ཀྱང་དོ་སྣང་བྱུང་མྱོང་མེད་པའི་ན་གཞོན་བུ་མོ་ཧོ་ཕི་ཧེ་ཁུ་སི་(Hope Hicks)རང་ཉིད་ཀྱི་ཤ་ལས་མཆེད་པའི་བུ་མོ་ལྟར་རྩི་བཞིན་ཡོད་སྐོར་སོགས་བཀོད་ཡོད་འདུག་ལ། ཨ་བན་ག་སྲིད་འཛིན་འོས་མིར་ལངས་རྒྱུའི་ཐད། མོ་རང་གི་ཨ་མ་ཨེ་བ་ན་ཊི་རུམ་ཕི་(Ivana Trump)ལགས་ཀྱིས་ཀྱང་། མོ་རང་གི་བུ་མོའི་ཤེས་འཇོན་གང་ཐད་ནས་ཨ་རིའི་སྲིད་འཛིན་འོས་མིར་ལངས་ལང་རྒྱུའི་ཆ་རྐྱེན་ཚང་ཡོད་སྐོར་བརྗོད་ཡོད་འདུག

ད་ལྟའི་ཆར་དེབ་དེའི་བརྗོད་སྙིང་གཙོ་བོར་གྱུར་བའི་ཕོ་བྲང་དཀར་པོའི་ནང་སྲིད་སྐོར་ཀ་དོགས་འདྲི་མང་པོ་ཞིག་ཡོང་གི་ཡོད་ཀྱང་། སྲིད་འཛིན་ཊི་རུམ་ཕིས་དེབ་དེའི་ནང་དོན་ཁག་བདེན་པ་མིན་པ་མ་ཟད། ཁོ་རང་གིས་དེབ་དེ་བཀླགས་སྐབས་ཧ་ཅང་སུན་སྣང་སྐྱེས་ཡོད་སྐོར་བརྗོད་འདུག

མ་གཞི་ནས་དེབ་དེ་ནི་དངོས་ཡོད་གནས་སྟངས་གཞིར་བཞག་གིས་བྲིས་པ་ཞིག་ཡིན་ཡང་ཨ་རིའི་སྐུ་ལྕམ་དང་པོས་དེབ་དེ་ནི་རྟོག་སྒྲུང་ཞིག་རེད་ཅེས་བརྗོད་འདུག

ཨ་རིའི་མི་མང་པོ་ཞིག་གིས་སྐུ་ཞབས་མཱ་ཁེལ་ཝོལ་ཧྥི་ལགས་ཀྱིས་བརྩམས་པའི་དེབ་དེས་སྲིད་འཛིན་ཊི་རུམ་ཕིའི་འཛིན་སྐྱོང་གི་སྐྱོན་གནས་མང་པོ་ཞིག་ཐེར་འདོན་བྱས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ཁག་ཅིག་གིས་སྐུ་ཞབས་མ་ཁེལ་ལགས་སུ་སྲིད་འཛིན་ཊི་རུམ་ཕིའི་སྐོར་གྱི་གནས་ཚུལ་དེ་འདྲ་མང་པོ་ཞིག་གང་ནས་ཇི་ལྟར་རག་པའི་དོགས་སློང་ཡང་བྱེད་བཞིན་ཡོད་འདུག

དེབ་དེའི་རྩོམ་པ་པོ་སྐུ་ཞབས་མ་ཁེལ་ཝོ་ཧྥོ་ལགས་ནི་ཕྱི་ལོ་ ༡༩༥༣ ཟླ་ ༨ ཚེས་ ༢༧ ཉིན་ཨ་རིའི་ནེའུ་ཇེར་སི་རུ་སྐྱེས་ཤིང་། ཁོའི་ཨ་ཕ་དྲིལ་བསྒྲགས་ཆེད་མཁས་པ་དང་ཨ་མ་གསར་འགོད་པ་ཡིན་འདུག ཁོ་རང་ཀོ་ལམ་བྷི་ཡ་གཙུག་ལག་སློབ་གྲྭ་ཐོན་རྗེས་གསར་འགོད་རིག་པར་སློབ་སྤྱོང་བྱས་ཡོད་པ་དང་། ད་ལྟ་ཨ་རིའི་གསར་ཁང་(US Today, The Hollywood Reporter, UK edition GQ)བཅས་ཀྱི་གསར་འགོད་པའི་ཕྱག་ལས་གནང་གི་ཡོད་འདུག ཁོང་གིས་ད་བར་དེབ་བདུན་ཙམ་བྲིས་ཡོད་པ་དང་། ཁོང་ལ་ཨ་རིའི་རྒྱལ་ཡོངས་དུས་དེབ་ཀྱི་གཟེངས་རྟགས་ཐེངས་གཉིས་དང་མེ་ལོང་དུས་དེབ་ཀྱི་གཟེངས་རྟགས་སོགས་ཐོབ་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༡/༠༦

Leave a Reply

2 thoughts on “ཕོ་བྲང་དཀར་པོའི་ནང་གི་འགད་རྫས།

  1. ཁྲོམ་གྱི་བུ་མོ་ཨ་ཝན་ཀ་འདི་མ་འོངས་པའི་ཨ་རིའི་ཨ་མ་ཆགས་རྒྱུ་ཡིན་པ་རེད། དུས་བབ་ཚང་གིས་བུ་མོ་འདིའི་ལོ་རྒྱུས་ཞིབ་ཚགས་ཤིག་འགོད་ཐུབ་ན་ཡག་པོ་འདུག སྲིད་འཛིན་ཁྲོམ་ཕོ་བྲང་དཀར་པོའི་ནང་གཞུང་འབྲེལ་ལས་ཀ་མགོ་འཛུགས་བྱས་པའི་ཉིན་དང་པོ་རང་ལ་བུ་མོ་འདི་དང་མཉམ་དུ་གསར་འགྱུར་བརྒྱུད་ལམ་ལ་ཐོན་ཡོད་རེད་ལ། ཁྲོམ་གྱི་ཕྱི་འབྲེལ་ལས་དོན་ཐེངས་དང་པོར་ཡང་འཇར་མན་གྱི་སྲིད་བློན་མར་ཁཱིལ་དང་མཉམ་དུ་མདུན་ཅོག་གོར་མོའི་གྲོས་མོལ་ནང་མཉམ་ཞུགས་བྱས་པ་རེད། གནས་ཚུལ་འདི་དག་ཨ་ཝན་ཀའི་མ་འོངས་སྲིད་འཛིན་གྱི་སྐྱ་ཐིག་རེད།