རང་གི་མིང་འབྲི་མི་ཤེས་བའི་བོད་ཀྱི་སྲིད་སྐྱོང་།

ནམ་མཁའ།

སྲིད་སྐྱོང་བློ་སེང་གིས་ཨ་རིའི་ཧ་བ་ཊིའི་སློབ་གྲྭ་ནས་ཁྲིམས་ལུགས་ཀྱི་སྟེང་ནས་སློབ་འབྲས་འབུམ་རམས་པ་ཐོན་པ་དེ། ཁོ་རང་ཉིད་ཀྱི་རྒྱན་ཆ་ཡིན་ལ། ང་ཚོ་བོད་རིགས་ཞིག་གི་ངོས་ན་བཤད་ན་ཡང་སྤོབས་པ་ཞིག་ཏུ་གྱུར་ཡོད་མོད།  འོན་ཀྱང་། བོད་མི་རིགས་ཀྱི་ཚེ་སྲོག་ཏུ་གྱུར་བའི་བོད་ཀྱི་སྐད་ཡིག་དང་རིགས་གཞུང་སོགས་གོང་འཕེལ་དང་། ཉམས་པ་སོར་ཆུད་ཀྱི་སྣེ་ཁྲིད་མཁན་གྱི་དབུ་ཁྲིད་ཞིག་གི་ངོས་ནས་བཤད་ན།  བོད་མི་རིགས་རང་གི་སྐད་ཡིག་གི་སྟེང་ནས་འབྲི་ཀློག་ཡག་པོ་ཞིག་ཀྱང་མི་ཐུབ་པ་མ་ཟད། ཐ་ན་རང་གི་མིང་ཙམ་ཡང་རང་གི་མི་རིགས་ཀྱི་ཡི་གེ་ཐོག་འབྲི་མི་ཤེས་མཁན་ཞིག    བཙན་བྱོལ་བོད་མིའི་དབུ་ཁྲིད་ལ་བདམས་ཐོན་བྱུང་བ་རེད།

དཔེར་ན། སྲིད་སྐྱོང་གི་རང་བཙན་ལག་དེབ་སྟེང་བྲིས་བའི་མིང་འདི་ལྟར༼སློབ་བཟང་སངས་རྒྱས༽འདི་ནི་དངོས་བོའི་གནས་ཚུལ་ཞིག་ཡིན་པ་མི་མང་པོས་མཐོང་ཡོད་སྲིད།  དེས་རྐྱེན་རྩོམ་བྱང་ལ་ཡང་འདི་ལྟར་བྲིས་པ་ཡིན་མོད། འོན་ཀྱང་། བོད་མི་ཁ་ཤས་ཀྱིས་མཐོང་སྣང་ལ། བཙན་བྱོལ་བོད་མིའི་དབུ་ཁྲིད་ལ་ཕྲན་གྱིས་མཐོང་ཆུང་བྱས་འདུག་སྙམ་སྟེ། ཕྲན་ལ་ངོ་རྒོལ་སྒྱོགས་རྡོ་འདྲ་འཕེན་སྲིད་མོད། འོན་ཏེ། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནི། ཨ་རི་དང་དབྱིན་ཇིའི་རྒྱལ་ཁབ་བཞིན་རང་གི་ཕ་སྐད་དབྱིན་ཡིག་བཤད་པའི་མི་རིགས་ཀྱི་གཞུང་ཞིག་མ་རེད།

འཛམ་གླིང་གི་རྒྱལ་ཁབ་གང་འདྲ་ཞིག་ཡིན་ཡང་། རང་གི་ཕ་སྐད་ཀྱི་ཡིག་རིགས་སྟེང་ནས་རང་གི་མིང་འབྲི་མི་ཤེས་མཁན་ཞིག་སྲིད་འཛིན་དང་སྲིད་བློན་དུ་བདམས་ཐོན་བྱུང་མྱོང་ཡོད་ཀྱི་མ་རེད་སྙམ།  ཐབས་སྐྱོ་བ་ཞིག་ལ། བོད་རང་གི་ཡིག་རིགས་ཀྱི་སྟེང་ནས་རང་གི་མིང་ཙམ་ཡང་འབྲི་མི་ཤེས་མཁན་ཞིག  བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལ་བདམས་ཐོན་བྱུང་སྟེ།  ད་རུང་མཛད་སྒོ་སོགས་ཀྱི་སྐབས་སུ་མདོ་འཛིན་པ་ཚོས། མཁས་དབང་བློ་བཟང་སེང་གེ་ཞེས་འུར་བསྟོད་བྱས་ཏེ། སློབ་ཐོན་ལག་ཁྱེར་གྱི་མིང་དེ་བཙན་ཚུགས་ཀྱིས་མིང་གི་མགོར་འཇོག་གི་ཡོད་པ་རེད། འཛམ་གླིང་གི་རྒྱལ་ཁབ་གཞན་ཚོས་སྲིད་འཛིན་དང་སྲིད་བློན་ཞེས་འབོད་པ་ལས། སློབ་ཐོན་ལག་ཁྱེར་གྱི་མིང་དེ་སྲིད་འཛིན་དང་སྲིད་བློན་གྱི་མིང་མགོར་བཞག་སྟེ་འབོད་སྲོལ་མི་འདུག

དཔེར་ན། ཨ་རིའི་སྲིད་འཛིན་ཟུར་བ་ཨོ་བྷ་མ་ཡང་ཧ་བ་ཊིའི་སློབ་ཐོན་གྱི་ལག་ཁྱེར་ཡོད་ཀྱང་། ཨ་རིའི་སྲིད་འཛིན་ལས་ཐོག་སྐབས་སུ། མཁས་དབང་ཨོ་བྷ་མ་ཞེས་འབོད་པ་ཞིག་ལོ་བརྒྱད་ཀྱི་རིང་ཐོས་མྱོང་མེད།  ཡིན་ན་ཡང་།  ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་དབུ་ཁྲིད་སྲིད་སྐྱོང་གི་མིང་མགོར་མཁས་དབང་ཞེས་འབོད་དུས། ཁོ་རང་གིས་ཀྱང་རང་གི་མི་རིགས་ཀྱི་སྐད་ཡིག་གི་སྟེང་ནས་མིང་ཙམ་ཡང་འབྲི་མི་ཤེས་པ་དེ་གཏིང་བརྗེད་དུ་གྱུར་ཏེ། ང་རྒྱལ་གྱི་མགོ་འཕང་གནམ་ལ་བཏགས་ཏེ་གཏམ་བཤད་ཀྱི་མགོ་འཛུགས་བཞིན་ཡོད།

འཛམ་གླིང་གི་རྒྱལ་ཁབ་གཞན་གྱི་སྲིད་འཛིན་དང་སྲིད་བློན་མང་པོས་སྐད་རིགས་འགའ་རེ་ཤེས་ཀྱི་ཡོད་མོད། འོན་ཀྱང་རང་གི་མི་རིགས་ཀྱི་སྐད་ཡིག་འབྲི་ཀློག་ཡག་པོ་མི་ཐུབ་མཁན་ཞིག་ཡོད་ཀྱི་མ་རེད། ཡིན་ན་ཡང་། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱིས་བོད་མི་རིགས་ཀྱི་སྐད་ཡིག་གི་ལམ་ནས་རང་གི་མིང་ཙམ་ཡང་འབྲི་མི་ཤེས་མཁན་ཞིག་དབུ་ཁྲིད་ལ་བདམས་ཐོན་བྱུང་བ་དཔེ་གསར་ཡིན་སྲིད་མོད། འོན་ཀྱང་། དུས་རབས་ཉི་ཤུ་དང་ཉེར་གཅིག་གི་ནང་། བོད་དང་འཛམ་གླིང་རྒྱལ་ཁབ་གཞན་སོགས་ཀྱི་ལོ་རྒྱུས་ནང་དུ། རང་གི་མི་རིགས་ཀྱི་སྐད་ཡིག་སྟེང་ནས་རང་གི་མིང་ཙམ་ཡང་འབྲི་མི་ཤེས་མཁན་ཞིག་རྒྱལ་ཁབ་དེའི་དབུ་ཁྲིད་ལ་བདམས་ཐོན་བྱུང་བ་ཐོག་མ་ཡིན་ངེས།

འོན་ཀྱང་། འཛམ་གླིང་གི་མི་རིགས་གང་ཞིག་འཛམ་གླིང་སྟེང་གསོན་པོར་གནས་ཐུབ་མིན་ནི། མི་རིགས་དེའི་སྐད་ཡིག་གནས་ཡོད་མིན་ལ་རེག་ལས་ཡོད་པ་མི་ཤེས་མཁན་གྱི་བོད་རིགས་ཚོས། ད་རུང་ཡང་གདོང་ལ་ཁྲོ་གཉེར་དང་སྣ་གཉེར་བྱས་ཏེ། ཨ་རིའི་ཧ་བ་ཊིའི་འབུམ་རམས་པའི་ལག་ཁྱེར་ཡོད་པ་རེད་ཅེས་བཤད་སྲིད། དེ་ནི་གོང་དུ་ཞུས་པ་ལྟར་རྒྱན་ཆ་ཡིན་པ་མ་ཟད། དེ་ལས་ཀྱང་སྐད་རིགས་འདྲ་མིན་ཤེས་ན་བོད་མི་རིགས་ཀྱི་སྤོབས་པ་རེད།

འོན་ཀྱང་ང་ཚོའི་མི་རིགས་ཀྱི་ཕ་སྐད་ནི་དབྱིན་ཇི་མིན་ལ། ང་ཚོའི་མི་རིགས་ནི་དབྱིན་ཇིའི་མི་རིགས་དེ་བས་ཀྱང་མིན་པ་མ་ཟད། ང་ཚོ་ནི་དབྱངས་གསལ་སོ་བཞི་རུས་ལ་ཐིམ་ཞིང་། གདངས་ལ་གྱེར་བའི་སྐད་དང་ཡི་གེ་ཡོད་པའི་མི་རིགས་ཤིག་ཡིན། དབྱངས་གསལ་སོ་བཞི་འཆི་ལ་ཉེ་བའི་སྐབས་འདིར། ང་ཚོ་ནི་དབྱངས་གསལ་སོ་བཞི་ལ་སྨན་བཅོས་བྱེད་མཁན་ཡིན་མོད། འོན་ཏེ། དབྱངས་སོ་བཞིའི་ནད་པར་གྱུར་པ་ཞིག་དབྱངས་གསལ་སོ་བཞིར་སྨན་བཅོས་བྱེད་མཁན་གྱི་དབུ་ཁྲིད་ལ་བདམས་པ་རེད།  དེས་རྐྱེན་བཙན་བྱོལ་སྤྱི་ཚོགས་ཀྱི་བསམ་བློའི་གོ་རྟོགས་དང་། རང་གི་མི་རིགས་ཀྱི་སྐད་ཡིག་ལ་རིན་ཐང་ཅི་འདྲ་ཞིག་འཇོག་གི་ཡོད་པ་ཤེས་ཐུབ།

རྒྱལ་ཁབ་གང་དང་མི་རིགས་གང་ཞིག་ཡིན་ཡང་། དེའི་དབུ་ཁྲིད་ལ་རང་གི་མི་རིགས་ཀྱི་སྐད་ཡིག་དང་། རིགས་གཞུང་གི་གོ་དོན་སོགས་ལ་བྱང་ཆུབ་པའི་མཁས་པ་ཞིག་མིན་ན་ཡང་མི་རིགས་དེའི་སྐད་ཡིག་གི་སྒོ་ནས་འབྲི་ཀློག་བྱེད་པར་དཀའ་ངལ་མེད་པ་ཞིག་བདམས་ཀྱི་ཡོད་པ་ལས། རང་མི་རིགས་ཀྱི་སྐད་ཡིག་འབྲི་ཀློག་ཡག་པོ་ཞིག་མི་ཐུབ་ན་ཡང་། མི་རིགས་གཞན་གྱི་སྐད་ཡིག་གི་ལམ་ནས་ལག་ཁྱེར་མཐོ་བོ་ཡོད་པ་ཞིག་བདམས་ཐོན་བྱུང་ཡང་མྱོང་ཡོད་ཀྱི་མ་རེད།  དཔེར་ན། མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་ལས་ཁུང་ཆུང་ཆུང་ཞིག་གི་མགོ་ཁྲིད་ལ་འདུག་དགོས་ཚེ་ཡང་། ཁོ་རང་ཚོའི་མི་རིགས་དེའི་སྐད་ཡིག་གི་ཕྱོགས་ནས་དཀའ་ངལ་མེད་པ་ཞིག་འཇོག་གི་ཡོད་པ་ལས། རང་གི་སྐད་ཡིག་གི་སྟེང་ནས་མིང་ཙམ་ཡང་ཡག་པོ་ཞིག་འབྲི་མི་ཤེས་ཀྱང་། མི་རིགས་གཞན་གྱི་སྐད་ཡིག་སྟེང་ནས་སློབ་ཐོན་ལག་ཁྱེར་མཐོ་བོ་ལ་བལྟས་ཏེ་ལས་ཁུངས་དེའི་མགོ་ཁྲིད་ལ་འཇོག་མི་སྲིད།

འཛམ་གླིང་གི་རྒྱལ་ཁབ་གང་ཡིན་ན་ཡང་། རྒྱལ་ཁབ་དེའི་དབུ་ཁྲིད་ཀྱིས་རང་གི་མི་རིགས་ཀྱི་སྐད་ཡིག་ཡག་པོ་མ་ཤེས་ཚེ་ཞབས་འདྲེན་ཡིན་པ་ལས། མི་རིགས་གཞན་གྱི་སྐད་ཡིག་ཡག་པོ་མ་ཤེས་ན། རྒྱལ་ཁབ་དེའི་མི་རིགས་དང་མི་དམངས་ཀྱི་ཞབས་འདྲེན་དུ་མཐོང་གི་མེད། འཛམ་གླིང་གི་རྒྱལ་ཁབ་མང་པོའི་སྲིད་འཛིན་ཚོས་དབྱིན་ཇིའི་སྐད་མི་ཤེས་མཁན་མང་པོ་ཡོད་པ་རེད།  ཡིན་ཡང་། རང་གི་མི་རིགས་ཀྱི་སྐད་ཡིག་ལ་འབྲི་ཀློག་ཙམ་ཡང་བྱང་ཆ་མེད་མཁན་གྱི་སྲིད་འཛིན་དང་སྲིད་བློན་ཞིག་ཡོད་ཀྱི་མ་རེད་སྙམ། དེས་རྐྱེན་ང་ཚོས་བསམ་གཞིགས་ཞིབ་མོ་བྱས་ཏེ། ཐེངས་རྗེས་མར་སྲིད་སྐྱོང་ལ་འོས་འཕེན་སྐབས་བོད་དབྱིན་གཉིས་ཀྱི་སྟེང་ནས་འབྲི་ཀློག་ལ་དཀའ་ངལ་མེད་པ་ཞིག་འདེམ་རྒྱུ་གལ་ཆེན་རེད་སྙམ། དེ་མིན་དབྱངས་གསལ་སོ་བཞིའི་བདག་པོའི་མི་རིགས་ཀྱི་དབུ་ཁྲིད་ཞིག་ལ། རང་གི་མི་རིགས་ཀྱི་སྐད་ཡིག་གི་སྟེང་ནས་རང་གི་མིང་ཙམ་ཡང་གཙང་མ་ཞིག་འབྲི་མི་ཤེས་མཁན་ཞིག་བདམས་ཚེ། བོད་མི་རིགས་ཀྱི་ཞབས་འདྲེན་ཞིག་ཏུ་མཐོང་སོང་པས། ཚང་མས་ཐུགས་བསམ་རེ་གཏོང་བའི་ཆེད་དུ་རྩོམ་ཐུང་འདི་བྲིས་པ་ཡིན།

༢༠༡༨ ཟླ་ བ་ ༡ ཚེས་ ༧ ཉིན། ཡོ་རུབ་ནས་ཕུལ།

བསྐྱར་བཅོས།: ༢༠༡༨/༠༡/༠༧

Leave a Reply

19 thoughts on “རང་གི་མིང་འབྲི་མི་ཤེས་བའི་བོད་ཀྱི་སྲིད་སྐྱོང་།

  1. གཞན་ལ་བལྟས་བའི་མིག་ཡོད་ཀྱང།རང་ཉིད་བལྟ་ཡི་མེ་ལོང་དགོས་པའི་དཔེ་ལྟར་ནས་བཤད་པ་ཡང་རྩོམ་འབྲི་པ་ཡིན་ན་ལེགས་པོ་ཡོད་པས།རྟོག་ཙམ་མ་འགྲིག་པར་ཡང་གང་ཟག་གཞན་ཞིག་ལ་སྐྱོན་འཛུགས་རྐྱང་རྐྱང་བྱེད་བསྡོད་པ་ཡིན་ན་ཅི་ཕན།ལགས་ན་སྲིད་སྐྱོང་ཁོང་ལ་སྐྱོན་རྐྱང་རྐྱང་འཚོལ་བསྡོད་པ་མ་གཏོགས་ཁོང་ལ་དགེ་མཚན་ག་རེ་འདུག་མ་བལྟས་པ་གང་ཡིན་ནམ།སྲིད་སྐྱོང་ནི་མཆོག་གསུམ་བོད་མི་ཡོངས་ཀྱི་འདེབས་པ་རེད་ལ།ཁྱེད་ལ་ན་ཟུག་དྲག་པོ་རྒྱག་དགོས་པ་གང་རེད།ནམ་མཁའ་ལགས།བོད་པ་འགའ་ཤས་རང་རིགས་མི་དེ་དག་ལ་རྒྱབ་སྐྱོར་བྱ་མ་ཐུབ་ན་ཁ་རྡུང་གཏོང་རྐྱང་བྱེད་ནས་བསྡོད་པ་ཡིན་ན་སོ་སོའི་རྐང་པ་ལ་སོ་སོའི་རྡོར་གཞུ་པ་གཅིག་པ་མ་ཡིན་ནམ།

  2. སྤྱིར་བཏང་བྱས་ན་རང་བཙན་ལག་དེབ་(དཔྱ་ཁྲལ་ལག་དེབ།) ནང་གི་ཐོ་འགོད་རྣམས་འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་གནང་སྲོལ་ཡོད་པ་ལས་དོ་བདག་སོ་སོས་བྱེད་ཀྱི་མེད། གཞན་གྱིས་ཡིག་ནོར་བྲིས་པ་དེ་དོ་བདག་གིས་མི་ཤེས་རྨོངས་པའི་རྒྱུ་མཚན་དུ་བཟུང་ནས་༡༽ དམའ་དབེབས། ༢༽ མཐོང་ཆུང།
    ༣༽ ཁྱད་གསོད། ༤༽ ཚིག་རྩུབ་གང་མང་མང་བཤད་ན་ཧ་ཅང་ཐལ་དྲག་པ་མ་ཡིན་ནམ། འཇིག་རྟེན་ཡ་རབས་བཟང་སྤྱོད་དང་འགལ་བ་མ་ཡིན་ནམ། དེ་ཡང་མང་མོས་བྱུང་ནས་རྒྱལ་ཁ་ལོན་པའི་སྲིད་སྐྱོང་ཞིག་ལ་ཁྱད་གསོད་གནང་ན་དོན་ལ་བོད་མི་མང་མོས་ཀྱི་སེམས་ཁམས་ལ་ཁྱད་གསོད་གནང་བ་མ་ཡིན་ནམ། ལེགས་པར་སོམས་ཤིག
    ལེགས་པར་བརྟག་ལ་ང་ཡི་ངག །
    བླང་བར་བྱ་ཡི་འགྲན་ཕྱིར་མིན།།

  3. ང་ཚོས་བོད་པ་མང་དག་ཞིག་ལ་སྐྱོན་ཆེན་པོ་ཞིག་ཡོད་པ་ཚོར་སྣང་བྱུང།ཁ་ནང་ང་ཚོས་ནང་པ་དང་ཡང་ན་འགྲོ་བ་རིགས་དྲུག་ཟེར་ནས་རྒྱུན་མ་ཆད་ནས་ལབ་སྡོད་ཀྱི་ཡོག་རེད།དོན་དངོས་ལ་ངར་རྒྱལ་ཕྲག་དོག་གཏི་མུག་ཐོག་བྱ་སྤྱོད་སྤེལ་བཞིན་པ་རེད།གཅིག་གི་གཅིག་ལ་རྒྱབ་སྐྱོར་བྱ་ཡི་ཚུལ་དུ་གཅིག་གུ་གཅིག་གནོད་སྐྱེལ་གང་ཐུབ་རེད།སྐད་ཆ་ཅིག་འདྲིས་ཡ་ཁྱེད་ཀྱི་དེ་སྔ་རྒྱ་ནག་དམར་ཤོག་ལ་ཁ་གཏད་ཚུལ་དུ་རྩོམ་ཡིག་ཕན་ཐོག་ཡོད་གང་སྤེལ་མྱོང་ཡོད་དམ།

    1. མི་ཉག་སྟོབས་ལྡན།

      ཁྱོད་ཀྱི་བོད་ཡིག་གི་ཤེས་ཚད་ལ་བལྟས་ན་སྲིད་སྐྱོང་ལ་ཁ་གཏོང་བའི་ཆ་རྐྱེན་ཚང་གིན་མི་འདུག ། ངོ་མ་ཡིན།

      1. ཁྱོད་ནོར་ཐལ། སྲིད་སྐྱོང་ལ་ཁ་གཏོང་བའི་ཆ་རྐྱེན་ཚང་འདུག ཆ་རྐྱེན་དེ་དག་ནི་གཞན་ལ་གཞི་མེད་སྐྱོན་བརྗོད་བྱེད་པའི་ཡི་གེ་ཅུང་འབྲི་ཤེས་པ་དང་། རང་ལ་འཇོན་ཐང་ཅི་ཡང་མེད་པས་ལས་མེད་དྲ་འབུལ་གྱུར་པའོ།།
        ཧཧཧ