བཙན་བྱོལ་བོད་མིའི་འཕྲོད་ལས་པ་ཚོར་ཟབ་སྦྱོང་།

འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་ནས་མགོ་བཙུགས་ཏེ་བཙན་བྱོལ་བོད་མི་འདུས་སྡོད་ཁུལ་གྱི་འཕྲོད་བསྟེན་སྨན་ཁང་ཁག་གི་འཕྲོད་ལས་པ་ཚོར་ཟབ་སྦྱོང་སྤྲོད་བཞིན་འདུག

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༨ ནས་ ༡༣ བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་འཕྲོད་བསྟེན་སྨན་ཁང་དུ། དབུས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་སྨན་པ་བློ་བཟང་ལགས་ནས་སྦེལ་ཀོབ་དང་ཀོ་ལི་གྷལ། ཧུན་སུར། མོན་གྷོ་འདོད་རྒུ་གླིང་། ཨོ་རི་ས་ཕུན་ཚོགས་གླིང་བཅས་ལྷོ་ཕྱོགས་གཞིས་ཆགས་ཆེ་ཁག་ཁག་ ༥ ཡི་འཕྲོད་བསྟེན་སྨན་ཞབས་མ་ ༡༤ ཙམ་ལ་མཉམ་བསྡུས་ལྟ་རྟོག་དང་གོ་རྟོགས་ཐུབ་པའི་སྤྱི་ཚོགས་འཕྲོད་བསྟེན་ཁྱབ་ཚད་ཅེས་པའི་བརྗོད་གཞིའི་ཐོག་ཟབ་སྦྱོང་འཚོགས་བཞིན་འདུག

འདི་གའི་གསར་འགོད་པར་ཟབ་ཁྲིད་གནང་མཁན་དང་ཟབ་སྦྱོང་གོ་སྒྲིག་འགན་འཁུར་བ་སྨན་པ་བློ་བཟང་ཚེ་རིང་ལགས་ཀྱིས། ཐེངས་འདིའི་ཉིན་གྲངས་ ༦ རིང་གི་ཟབ་སྦྱོང་ཐོག སྨན་ཞབས་མ་ཚོར་གཙོ་བོ་མ་དང་བྱིས་པའི་འཕྲོད་བསྟེན་གནང་ཕྱོགས་དང་། དེ་བཞིན་ནད་པ་སྨན་ཁང་དུ་ན་ཚ་བསྟེན་གཏུག་བྱེད་དུ་ཡོང་བ་ཁོ་ན་མ་ཡིན་པར་སྨན་པ་དང་། ལས་བྱེད་ཚོ་གཞིས་ཆགས་དང་གྲོང་སྡེ་སོ་སོའི་ཁྱིམ་ཚང་རེ་རེ་བཞིན་གྱི་ནང་བསྐྱོད་དེ། འཕྲོད་བསྟེན་བརྟག་དཔྱད་སྨན་བཅོས་དང་ལམ་སྟོན་གནང་ཕྱོགས། དེ་བཞིན། གློ་ནད་(TB)་ནད་གཞི་སྔོན་འགོག་བྱེད་ཐབས་བཅས་ཀྱི་སྐོར་ལ་ཟབ་སྦྱོང་གནང་གི་ཡོད་པ་བརྗོད་བྱུང་།

དབུས་འཕྲོད་བསྟེན་ལས་ཁུངས་ནས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་གོང་སྤེལ་གྱི་ནུས་པ་ཆེ་རུ་གཏོང་ཆེད། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ནས་བཞུགས་སྒར་རྡ་རམ་ས་ལ་དང་བྱང་ཕྱོགས་བོད་མིའི་ས་གནས་ཁག་གི་ནང་འཕྲོད་ལས་པ་ཚོར་ཟབ་སྦྱོང་བསྡུ་རྒྱུ་དང་། ཕྱི་ཟླ་ ༣ པའི་ནང་རྒྱ་གར་ཤར་ནུབ་དང་བལ་ཡུལ་ཕྱོགས་ཀྱི་འཕྲོད་ལས་པ་ཚོར་ཟབ་སྦྱོང་གནང་འཆར་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༨/༠༡/༡༢

Leave a Reply