ཁྱེད་རང་གསར་བརྗེ་བ་ཞིག་རེད་ཟེར།

དེ་རིང་རྒྱ་གར་དང་ཨི་ཟི་རལ་གྱི་སྲིད་བློན་རྣམ་གཉིས་མཇལ་འཕྲད་སྐབས་ཨི་ཟི་རལ་གྱི་སྲིད་བློན་ནས་མུ་དྷི་མཆོག་ལ་ཁྱེད་རང་ནི་གསར་བརྗེ་བ་ཞིག་རེད་ཅེས་བསྔགས་བརྗོད་གནང་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྒྱ་གར་སྲིད་བློན་མོ་དྷི་མཆོག་དང་ཨི་ཟི་རལ་གྱི་སྲིད་བློན་བྷན་ཇམ་མེན་ན་ཊན་ཡ་ཧོ་(Benjamin Netanyahu)ལགས་གཉིས་མཇལ་འཕྲད་གནང་སྟེ།  རྒྱལ་ཁབ་གཉིས་བར་དྲ་རྒྱ་དང་སྤྱི་ཚོགས་བདེ་འཇགས།   སྣུམ་དང་སོལ་རླངས།  དེ་བཞིན།  མཁའ་དམག་བཅས་གཙོས་པའི་དོན་ཚན་དགུའི་ཐོག་མཉམ་འབྲེལ་བྱ་རྒྱུ་ཡིན་པའི་གྲོས་ཆོད་བཞག་ཡོད་པ་རེད།

རྒྱ་གར་སྲིད་བློན་མུ་དྷི་མཆོག་གིས། ཨི་ཟི་རལ་གྱི་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་བཟོ་གྲྭ་ཁག་གིས་རྒྱ་གར་ནང་མ་རྐང་འཛུགས་དགོས་སྐོར་བརྗོད་ཡོད་པ་དང་།  ཨི་ཟི་རལ་གྱི་སྲིད་བློན་བྷན་ཇམ་མེན་ལགས་ཀྱིས་སྲིད་བློན་མུ་དྷི་མཆོག་ལ།  ཁྱེད་རང་གསར་བརྗེ་བ་ཞིག་རེད་ཅེས་བརྗོད་ཡོད་པ་དང་། ཐེངས་འདིའི་མཇལ་འཛོམས་ཁྲོད་ཨི་ཟི་རལ་གྱི་སྲིད་བློན་བྷན་ཇམ་མེན་དང་ལྷན་དུ་ཚོང་ལས་འཐུས་མི་ ༡༣༠ ཡོད་པ་དང་། སྐུ་ཚབ་ཚོགས་པ་དེས་རྒྱ་གར་ནང་ཉིན་དྲུག་རིང་གཟིགས་སྐོར་གནང་གི་ཡོད་འདུག

ཨ་ཟི་རལ་གྱི་སྲིད་བློན་བྷན་ཇམ་མེན་ལགས་ཀྱིས།  ཨི་ཟི་རལ་དང་རྒྱ་གར་གཉིས་མཉམ་འབྲེལ་བྱས་ཏེ་རྒྱལ་ཁབ་སོ་སོའི་མི་མང་གི་འཚོ་གནས་ཡར་རྒྱས་གཏོང་བར་ནུས་ཤུགས་ཆེན་པོ་འདོན་དགོས་པ་མ་ཟད།  རྒྱ་གར་དང་ཨི་ཟི་རལ་གཉིས་ལ་འཇིགས་སྐུལ་རིང་ལུགས་པས་དྲག་རྒོལ་བྱས་པ་བརྗེད་མི་སྲིད་ལ། ང་ཚོས་བློ་སེམས་འགྱུར་མེད་ཐོག་དྲག་སྤྱོད་པར་འཐབ་འཛིང་བྱེད་ངེས་ཡིན། ཞེས་བརྗོད་ཡོད་པ་དང་། ཐེངས་འདིའི་ཕྱོགས་སྐྱོད་སྐབས། སྲིད་བློན་བྷན་ཇམ་མེན་གྱིས་རྒྱ་གར་ནས་མཉམ་འབྲེལ་རྒྱལ་ཚོགས་ནང་ཇེ་རོ་སི་ལིམ་དེ་ཨི་ཟི་རལ་གྱི་རྒྱལ་ས་རུ་ངོས་འཛིན་བྱེད་པར་རྒྱབ་སྐྱོར་བྱས་མེད་པའི་སྐོར་གང་ཡང་གླེང་མེད་པ་མ་ཟད།  ཁོས་ཕྱི་ལོ་ ༢༠༠༨ ལོར་རྒྱ་གར་གྱི་གྲོང་ཁྱེར་མམ་བྷེ་ནང་འཇིགས་སྐུལ་བའི་དྲག་རྒོལ་སྐབས་སྲོག་ཉེན་ལས་ཐར་བའི་ཨི་ཟི་རལ་གྱི་ལོ་ན་ ༡༡ ཡིན་པའི་བུ་མོ་ཤི་ཧོལ་ཛི་བྷག་(Moshe Holtzberg)རང་ཉིད་དང་ལྷན་དུ་ཁྲིད་ཡོང་སྟེ།  ཕྱི་ལོ་ ༢༠༠༨ ལོར་རྒྱ་གར་ལ་འཇིགས་སྐུལ་པས་དྲག་རྒོལ་ཐེབས་པའི་སྐོར་གླེང་སློང་བྱས་ཡོད་པ་རེད།

ཕྱི་ལོ་ ༢༠༠༨ ལོར་རྒྱ་གར་གྲོང་ཁྱེར་མམ་བྷེ་རུ་འཇིགས་སྐུལ་བས་དྲག་རྒོལ་བྱེད་སྐབས། ལོ་ན་ ༡༡ ཡིན་པའི་མོ་ཤི་ཧོ་ཊི་བྷག་ནི་རང་ཉིད་ཀྱི་ཕ་མ་གཉིས་ལྷན་དུ་ཡོད་ཀྱང་།  སྐབས་དེར་འཇིགས་སྐུལ་བས་ཁོའི་ཕ་མ་གཉིས་བསད་ཡོད་པ་མ་ཟད། ཁོ་ལ་ལྟ་རྟོག་བྱེད་མཁན་ལྕམ་སན་རྡི་ར་ཟ་མོལ(Sandra Samuel)ལགས་ཀྱིས་ཁོའི་སྲོག་སྐྱོབ་ཐུབ་མེད་ཚེ།  སྐབས་དེར་ཁོ་ཡང་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

ཐེངས་འདིའི་སྲིད་བློན་ཐུག་འཕྲད་སྐབས།  ཕྱོགས་གཉིས་ནས་འགལ་ཟླའི་ཕྱོགས་ཀྱི་གནད་དོན་གང་ཡང་གླེང་མེད་པ་དང་།  ཨི་ཟི་རལ་དང་རྒྱ་གར་གཉིས་བར་མཛའ་འབྲེལ་བཙུགས་ཏེ་ལོ་ངོ་ ༢༥ འགྲོ་ཡི་ཡོད་ཅིང་། རྒྱལ་ཁབ་གཉིས་ཀྱི་འདས་པའི་མཉམ་འབྲེལ་ཁྲོད།  ཕྱོགས་གཉིས་ནས་ཕན་ཚུན་བར་འདྲ་མཉམ་གྱི་འབྲེལ་ལམ་རྒྱུན་སྐྱོང་བྱས་ཏེ།  ད་བར་ཨི་ཟི་རལ་གཞུང་གིས་རྒྱ་གར་གཞུང་ལ་ཨེ་ར་བྷིའི་རྒྱལ་ཁབ་ཁག་དང་ཨི་རན་སོགས་ནས་རྒྱ་གར་ནང་སྣུམ་སྐྱེལ་འདྲེན་གྱི་རང་དབང་སྤྲོད་ཀྱིན་ཡོད་པ་དང་། རྒྱ་གར་གཞུང་གིས་ཨི་ཟི་རལ་ནས་ཨ་སྒོར་དུང་ཕྱུར་ ༡ ཙམ་གྱི་མཚོན་ཆ་ཉོ་ཡི་ཡོད་འདུག

ཕྱི་ལོ་ ༢༠༡༧ ཟླ་ ༧ པའི་ནང་སྲིད་བློན་མུ་དྷི་མཆོག་ཨི་ཟི་རལ་ནང་ཕེབས་ཏེ། རྒྱ་གར་གྱིས་པ་ལི་སི་ཐན་དང་ཨི་ཟི་རལ་ཐོག་བཟུང་བའི་ལངས་ཕྱོགས་གསལ་འདོན་བྱས་ཡོད་པ་མ་ཟད།  ཁོང་ནི་ཨི་ཟི་རལ་ནང་ཕེབས་པའི་རྒྱ་གར་གྱི་སྲིད་བློན་ཐོག་མ་དེ་ཆགས་ཡོད་པ་དང་། སྐབས་དེར་རྒྱ་གར་དང་ཨི་ཟི་རལ་གཉིས་བར་དམག་དང་དྲ་རྒྱའི་བདེ་འཇགས་སོགས་ཀྱི་ཐོག་གྲོས་ཆོད་བཞག་ཡོད་འདུག།

གསར་འགོད་པ།  སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༡/༡༦

Leave a Reply