ཕ་མས་རང་གི་བྱིས་པ་བཙན་བཀག་བྱས།

ཨ་རིའི་ནང་དུ་ཡོད་པའི་བཟའ་ཚང་གཉིས་ཀྱིས་རང་གི་བུ་ཕྲུག་ ༡༣ ཁྱིམ་དུ་བཙན་བཀག་བྱས་ཏེ་ཟ་མའང་ཡག་པོ་སྤྲད་མེད་སྟབས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་མངའ་སྡེ་ཁ་ལེ་ཧྥོ་ནེ་ཡའི་ལྷོ་རྒྱུད་གྲོང་ཁྱེར་པེ་རི་སིའི་(Perris)ཁྱིམ་ཚང་ཞིག་ཏུ། མིང་ལ་ཨ་ལན་ཊོ་པེན་(Allen Turpin)དང་ཨ་ན་ཊོ་པེན་(Anna Turpin)ཟེར་བའི་བཟའ་ཚང་གཉིས་ཀྱིས། ལོ་ན་ ༢ ནས་ ༢༩ བར་ཡིན་པའི་སོ་སོའི་བུ་ཕྲུག་ ༡༣ རང་ཁྱིམ་གྱི་ཁང་པ་ནག་ཁུང་ཞིག་ཏུ་བཙན་བཀག་བྱས་པར་བརྟེན། རང་གི་བྱིས་པར་མནར་གཅོད་བཏང་བ་དང་མིའི་ཚེ་སྲོག་ལ་ཉེན་ཁ་བཟོས་པའི་ཉེས་མིང་འོག ཁ་སང་ཉེན་རྟོག་པས་ཕ་མ་གཉིས་འཛིན་བཟུང་བྱས་ཡོད་འདུག

བཀག་ཉར་འོག་ཡོད་པའི་ལོ་ན་ ༡༠ ཡིན་པའི་བུ་མོ་ཞིག་བྲོས་ཕྱིན་པ་མ་ཟད། མོས་ཉེན་རྟོག་ཁང་ལ་ཁ་པར་བཏང་སྟེ་མོ་རང་གི་སྤུན་མཆེད་ ༡༢ འཇིགས་སྐུལ་བཀག་ཉར་འོག་ཡོད་པས་ཛ་དྲག་རོགས་སྐྱོབ་དགོས་པའི་འབོད་སྐུལ་བྱས་པར་བརྟེན། ཉེན་རྟོག་པ་ཁྱིམ་ཚང་དེར་སོང་ནས་བྱིས་པ་དང་གཞོན་ནུ་ ༡༢ ཀློད་བཏང་པ་དང་། བུ་ཕྲུག་ཁག་ཅིག་ཉལ་ཁྲིའི་སྟེང་ཐག་པས་བསྡམས་ཏེ་སྒོ་ལྕགས་བརྒྱབས་ནས་བཞག་ཡོད་འདུག ཡིན་ནའང་། ད་ལྟའི་ཆར་བུ་ཕྲུག་རྣམས་བཀག་ཉར་བྱས་ཏེ་དུས་ཡུན་ག་ཚོད་ཅིག་ཕྱིན་ཡོད་མེད་ཁ་གསལ་མི་འདུག

ས་གནས་ཉེན་རྟོག་པས་ད་ལྟའི་ཆར་ཕ་མ་གཉིས་ཀྱིས་སོ་སོའི་བུ་ཕྲུག་རྣམས་འཇིགས་སྐུལ་མནར་གཅོད་འོག་བཙན་བཀག་བྱས་པའི་རྒྱུ་མཚན་ཅི་ཡིན་གསལ་པོ་ཞིག་ཤེས་རྟོགས་ཐུབ་མེད་སྐོར་དང་། བཙན་བཀག་བྱས་པའི་བུ་ཕྲུག་ ༡༣ ལས་བདུན་རང་ལོ་ ༡༨ ནས་ ༢༩ བར་གྱི་ན་གཞོན་ཡིན་པ་དང་། ཕ་མ་གཉིས་ཀྱིས་དྲི་ངན་ཅན་གྱི་ཁང་པ་ནག་ཁུང་ཞིག་ཏུ་ཁོ་ཚོ་བཙན་གྱིས་བཅུག་སྟེ་ཟ་མའང་ཡག་པོ་སྤྲད་མེད་སྟབས། ཁོ་ཚོའི་འཕྲོད་བསྟེན་གནས་སྟངས་སྐྱོ་བོ་ཡིན་པས་སྨན་ཁང་དུ་བསྐྱལ་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༡/༡༦

Leave a Reply