ཤེས་ཡོན་བསམ་ཤེས་ཀྱི་གན་རྒྱ་བཞག

བོད་ཀྱི་དཔེ་མཛོད་ཁང་དང་ཧི་མ་ཅལ་དབུས་གཙུག་ལག་སློབ་གཉེར་ཁང་གཉིས་བར་གནའ་དེང་ཤེས་ཡོན་བརྗེ་ལེན་གྱི་མཉམ་འབྲེལ་བྱ་རྒྱུ་ཡིན་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༥༠ སྟེང་། གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། ཧི་མ་ཅལ་དབུས་གཙུག་ལག་སློབ་གཉེར་ཁང་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་བར་གནའ་དེང་ཤེས་ཡོན་སྤྱིའི་ཐོག་མཉམ་འབྲེལ་བྱ་རྒྱུ་ཡིན་པའི་(Memorandum of Understanding)ཞེས་པའི་ཤེས་ཡོན་བསམ་ཤེས་ཀྱི་གན་རྒྱ་ཞིག་བཞག་སོང་བ་དང་། ཚོགས་ཐོག་ཏུ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་གཙོས་པའི་དཔེ་མཛོད་ཁང་གི་འབྲེལ་ཡོད་ལས་བྱེད་རྣམ་པ་དང་། ཧི་མ་ཅལ་དབུས་གཙུག་ལས་སློབ་གཉེར་ཁང་གི་དབུ་འཛིན་གཞོན་པ་སྐུ་ཞབས་གོལ་ཌིབ་ཨ་གྷི་ནེ་ཧོ་ཏི་རི་(Kuldip Agnihotri)ལགས་གཙོས་པའི་དབུས་གཙུག་ལག་སློབ་གཉེར་ཁང་གི་ལས་བྱེད་བཞི་བཅས་འཛོམས་འདུག

མཛད་རིམ་གྱི་ཐོག་མར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ནས་ཤེས་ཡོན་ལྟེ་གནས་ཁང་གཉིས་ཀྱི་མཉམ་འབྲེལ་གན་རྒྱའི་སྐོར་བརྗོད་དོན། ཧི་མ་ཅལ་དབུས་གཙུག་ལག་སློབ་གཉེར་ཁང་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་བར་ཤེས་ཡོན་བསམ་ཤེས་ཀྱི་གན་རྒྱ་ཞིག་བཞག་སྟེ། མ་འོངས་པར་ལྟེ་གནས་ཁང་གཉིས་ལ་ཁེ་ཕན་ཡོད་པའི་ལས་གཞི་གང་མང་བསྐྲུན་པའི་ཐོག་ཕན་ཚུན་བར་བགྲོ་གླེང་ཚོགས་འདུ་དང་། སློབ་ཚན་བརྗེ་རེས་བྱེད་པ། སློབ་གཉེར་པ་ཚོར་སྤྱོང་བརྡར་གོ་སྐབས་སྤྲོད་པ། དེ་བཞིན། ཕན་ཚུན་བར་ཆོས་དང་ཚན་རིག་སོགས་ཀྱི་ཐོག་བསམ་ཚུལ་དང་ཉམས་མྱོང་བརྗེ་རེས་བྱས་ཏེ། ལྟེ་གནས་ཁང་གཉིས་ཀྱི་ཁོར་ཡུག་ཏུ་ཤེས་ཡོན་གྱི་གནས་ཚད་ཇེ་མཐོར་གཏོང་འཆར་ཡོད་སྐོར་སོགས་བརྗོད་སོང་།

ཧི་མ་ཅལ་དབུས་གཙུག་ལག་སློབ་གཉེར་ཁང་གི་དབུ་འཛིན་གཞོན་པ་སྐུ་ཞབས་གོལ་ཌིབ་ལགས་ཀྱིས། བོད་ཀྱི་དཔེ་མཛོད་ཁང་དུ་བོད་ཀྱི་རིག་གནས་ཧིན་སྒྱུར་བྱས་པ་མང་པོ་ཞིག་ཡོད་ན་ཡག་པོ་ཡོད་པ་མ་ཟད། ཧི་མ་ཅལ་དབུས་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་རིག་གནས་སྐོར་ལ་སློབ་ཚན་བཟོ་འཆར་ཡོད་པ་དང་། འབྱུང་འགྱུར་ཁོང་ཚོའི་སློབ་ཕྲུག་མང་པོ་ཞིག་བོད་ཀྱི་དཔེ་མཛོད་ཁང་དུ་ཡོང་སྟེ་བོད་ཀྱི་རིག་གནས་དང་ནང་ཆོས་སོགས་ལ་ཞིབ་འཇུག་བྱ་འཆར་ཡོད་སྐོར་བརྗོད་སོང་།

གསར་འགོད་པས་དགེ་བཤེས་ལྷག་རྡོར་ལགས་སུ་ཤེས་ཡོན་ལྟེ་གནས་ཁང་གཉིས་བར་ད་ལྟ་དམིགས་བསལ་ལས་གཞི་འདྲ་ཡོད་མེད་དྲིས་སྐབས་ད་ལྟའི་ཆར་དེ་འདྲ་གང་ཡང་མེད་ཀྱང་། རྒྱ་གར་ནང་མངའ་སྡེ་རེ་རེར་དབུས་གཙུག་ལག་སློབ་གཉེར་ཁང་རེ་ཡོད་པ་དང་། རྒྱ་གར་གྱི་སྲོལ་རྒྱུན་རིག་གཞུང་དང་རིག་གནས་སོགས་རྒྱུས་ལོན་བྱེད་པར་དབུས་གཙུག་ལག་སློབ་གཉེར་ཁང་དེ་གལ་ཆེན་ཞིག་ཆགས་ཡོད་སྟབས། མ་འོངས་པར་ཤེས་ཡོན་ལྟེ་གནས་ཁང་གཉིས་བར་ཁ་ཙམ་མིན་པར་དངོས་ཡོད་ཐོག་ཕན་ཚུན་མཉམ་འབྲེལ་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་སོང་།

ཡང་དགེ་བཤེས་ལྷག་རྡོར་ལགས་ཀྱིས། བོད་ཀྱི་དཔེ་མཛོད་ཁང་ནས་ལོ་མང་རིང་རྒྱལ་སྤྱིའི་ཤེས་ཡོན་གཙོ་གཉེར་བྱེད་བཞིན་པའི་ཚོགས་སྡེ་ཁག་མང་པོ་དང་ལྷན་དུ་འབྲེལ་ལམ་བཙུགས་ཡོད་པའི་ཁྲོད། ཧི་མ་ཅལ་ནང་དབུས་གཙུག་ལག་སློབ་གཉེར་ཁང་བཙུགས་ཏེ་ལོ་ཤས་མ་གཏོགས་འགྲོ་ཡི་མེད་སྐོར་དང་། བོད་ཀྱི་དཔེ་མཛོད་ཁང་ནས་ཤེས་ཡོན་ལྟེ་གནས་ཁང་མང་པོ་ཞིག་དང་ལྷན་དུ་མཉམ་འབྲེལ་གན་རྒྱ་འཇོག་དགོས་དོན་ནི། ༧གོང་ས་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་རིག་གཞུང་དེ་རྒྱལ་ཁབ་གཞན་གྱི་རིག་གཞུང་དང་ལྷན་དུ་བརྗེ་རེས་བྱས་ཏེ། མི་མང་པོ་ཞིག་ལ་ཕན་ཐོགས་པའི་རེ་བ་བཟུང་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་རྒྱ་གར་ལྟ་བུར་ཆ་བཞག་ན། རྒྱ་གར་གྱི་གནའ་བོའི་རིག་གནས་བསྐྱར་གསོ་ཡོང་ཆེད་རྒྱ་གར་གྱི་ཤེས་ཡོན་ལྟེ་གནས་ཁང་ཁག་དང་མཉམ་འབྲེལ་གན་རྒྱ་བཞག་ཡོད་སྐོར་སོགས་བརྗོད་སོང་།

བོད་ཀྱི་དཔེ་མཛོད་ཁང་ནས་རྒྱ་གར་མི་མང་ལ་བཀའ་དྲིན་རྗེས་དྲན་ཞེས་པའི་ལས་གཞི་ཞིག་སྤེལ་ཏེ། ད་བར་བོད་ཀྱི་རིག་གནས་ཧིན་སྒྱུར་བྱས་པའི་དེབ་ ༡༢ པར་བསྐྲུན་ཞུས་ཡོད་པ་དང་། བོད་ཀྱི་དཔེ་མཛོད་ཁང་གིས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་ཤེས་ཡོན་ལྟེ་གནས་ཁང་ཁག་དང་ལྷན་དུ་མཉམ་ལས་འབྲེལ་ལམ་བཟུང་ཡོད་པའི་ཁྲོད། ཨ་རི་དང་ཨུ་རུ་སུ། བྷིར་ཛལ། ལྷོ་ཀོ་རི་ཡ་སོགས་ཀྱི་སློབ་གཉེར་ཁང་བཅུ་གྲངས་ཤིག་དང་ལྷན་དུ་ཕན་ཚུན་བར་ཤེས་ཡོན་ཐོག་འབྲེལ་ལམ་རྒྱུན་འཛིན་བྱེད་པའི་གན་རྒྱ་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༡/༡༧

Leave a Reply

One thought on “ཤེས་ཡོན་བསམ་ཤེས་ཀྱི་གན་རྒྱ་བཞག