བདུན་ཕྲག་རེར་རོ་ཧིན་གྷ་ཡའི་སྐྱབས་བཅོལ་བ་ ༡༥༠༠ རྩིས་ལེན་རྒྱུ་རེད།

འབར་མ་གཞུང་གིས་ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ནས་མགོ་བཙུགས་ཏེ་བྷང་ལ་ཌི་ཤིའི་ནང་ཉེན་གཡོལ་དུ་ཕྱིན་པའི་རོ་ཧིན་གྷ་ཡའི་སྐྱབས་བཅོལ་བ་ཚོ་བདུན་ཕྲག་རེའི་ནང་ ༡༥༠༠ རེ་རྩིས་ལེན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་བྷང་ལ་ཌི་ཤི་དང་འབར་མའི་གཞུང་གཉིས་བར་རོ་ཧིན་གྷ་ཡ་ཁ་ཆེ་གྲངས་ཉུང་མི་རིགས་དུས་ཡུན་ངེས་ཅན་ཞིག་གི་ནང་འབར་མས་རྩིས་ལེན་བྱ་རྒྱུ་ཡིན་པའི་གྲོས་ཆོད་ཅིག་བཞག་སྟེ། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ནས་བཟུང་འབར་མ་གཞུང་ནས་བདུན་ཕྲག་རེའི་ནང་སྐྱབས་བཅོལ་བ་ ༡༥༠༠ རེ་རྩིས་ལེན་བྱ་རྒྱུར་མོས་མཐུན་བྱུང་ཡོད་འདུག ཡིན་ནའང་། འབར་མ་གཞུང་ནས་ཁས་ལེན་ཡོད་མེད་ལ་མ་ལྟོས་པར་རོ་ཧིན་གྷ་ཡའི་སྐྱབས་བཅོལ་བའི་མགོ་འཁྲིད་ཅིག་གིས། ཁོང་ཚོར་འབར་མའི་མི་སེར་ཐོབ་ཐང་སྤྲོད་དགོས་པ་དང་བདེ་འཇགས་འགན་སྲུང་དགོས་པ་སོགས་ཀྱི་ཆ་རྐྱེན་གསུམ་བཏོན་འདུག

བྷང་ལ་ཌི་ཤིའི་གཞུང་གིས་རོ་ཧིན་གྷ་ཡའི་སྐྱབས་བཅོལ་བ་རྣམས་ཕྱིར་འབར་མའི་གཞུང་ལ་རྩིས་སྤྲོད་དགོས་པའི་རྒྱུ་མཚན་ནི། ཁ་བྲལ་དུ་ཕྱིན་པའི་ཁོ་ཚོའི་ནང་མི་ལྷན་འཛོམས་ཡོང་ཐབས་དང་། འགེབས་སྲུང་གང་ཡང་མེད་པའི་གནས་སྟངས་འོག་ནས་བུད་མེད་ལ་བཙན་གཡེམ་ཐེབས་ཏེ། མངལ་ཆགས་ནས་བྱིས་པ་དྭ་ཕྲུག་ཏུ་གྱུར་བའི་ཛ་དྲག་གི་གནས་སྟངས་སོགས་ཀྱི་དཀའ་ངལ་སེལ་བའི་ཆེད་དུ་ཡིན་ལ། ང་ཚོས་ལོ་ངོ་གཉིས་ཀྱི་ནང་ཚུད་དུ་སྐྱབས་བཅོལ་དུ་ཡོད་པའི་རོ་ཧིན་གྷ་ཡ་ཚང་མ་ཕྱིར་འབར་མའི་གཞུང་ལ་རྩིས་སྤྲོད་བྱེད་ཐུབ་པའི་དམིགས་ཡུལ་བཟུང་ཡོད། ཅེས་བརྗོད་ཡོད་པ་རེད།

རོ་ཧིན་གྷ་ཡའི་མི་མང་པོ་ཞིག་ནས་འབར་མའི་ནང་ཕྱིར་ལོག་པར་སེམས་ཁྲེལ་ཡོད་པའི་རྣམ་འགྱུར་སྟོན་གྱི་ཡོད་པ་དང་། བྷང་ལ་ཌི་ཤིའི་གྲོང་ཁྱེར་(Cox)ཞེས་པར་ཡོད་པའི་རོ་ཧིན་གྷ་ཡ་སྐྱབས་བཅོལ་བའི་མགོ་ཁྲིད་སི་ར་ཇོལ་མོ་སི་ཏ་ཧྥི་(Sirajul Mostofa)ལགས་ཀྱིས། ང་ཚོས་འབར་མ་དང་བྷང་ལ་ཌི་ཤི་བར་གྲོས་ཆོད་ག་འདྲ་ཞིག་བཞག་ཡོད་མེད་ཁ་གསལ་ཤེས་རྟོགས་བྱུང་མེད་ཀྱང་། འབར་མའི་གཞུང་ནས་དང་པོར་རོ་ཧིན་གྷ་ཡར་འབར་མའི་མི་སེར་ཐོབ་ཐང་སྤྲོད་དགོས་པ་དང་། གཉིས་པ་བཙན་འཕྲོག་བྱས་པའི་ང་ཚོའི་ས་ཆ་ཚུར་རྩིས་སྤྲོད་དགོས། གསུམ་པ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ང་ཚོའི་བདེ་འཇགས་ལ་འགན་སྲུང་བྱ་དགོས་ཡོད། དེ་ལྟར་མ་བྱུང་ཚེ། ང་ཚོར་མཚོན་ན་ཐེངས་འདིའི་གྲོས་ཆོད་འདི་ཡག་པོ་ཞིག་མ་རེད། ཅེས་བརྗོད་ཡོད་པ་རེད།

བྷང་ལ་ཌི་ཤིའི་ཕྱི་སྲིད་དྲུང་ཆེ་ཤ་ཧི་ཌོལ་ཧ་ཁུ་(Shahidul Haque)ལགས་ཀྱིས་བརྗོད་པ་ལྟར་ན། རྒྱལ་ཁབ་གཉིས་བར་གྲོས་ཆོད་འཇོག་སྐབས། བྷང་ལ་ཌི་ཤི་ཡིས་བདུན་ཕྲག་རེའི་ནང་ཉུང་མཐར་མི་གྲངས་ ༡༥༠༠༠ རེ་ལེན་དགོས་པའི་གྲོས་འཆར་བཏོན་ཡོད་ཀྱང་། འབར་མ་གཞུང་གིས་ཉིན་རེར་མི་ ༣༠༠ རེ་བྱས་ཏེ་བདུན་ཕྲག་གཅིག་ལ་མི་གྲངས་ ༡༥༠༠ རྩིས་ལེན་བྱ་རྒྱུའི་ཐག་གཅོད་བྱས་ཡོད་སྐོར་དང་། མ་འོངས་ཟླ་གསུམ་གྱི་རྗེས་ནས་གྲོས་ཆོད་དེར་རྒྱལ་ཁབ་གཉིས་ནས་བསྐྱར་ཞིབ་བྱ་དགོས་པ་དང་། སྐབས་དེར་འབར་མ་གཞུང་ནས་སྐྱབས་བཅོལ་བ་རྩིས་ལེན་གྱི་ཁ་གྲངས་ཇེ་མང་དུ་གཏོང་བའི་རེ་བ་བཟུང་ཡོད་སྐོར་བརྗོད་འདུག

བྷི་བྷི་སིའི་ལྷོ་ཤར་ཨེ་ཤ་ཡའི་གསར་འགོད་པ་ཇོ་ན་ཐན་ཧར་ཌི་(Jonathan Head)ལགས་ཀྱིས། རོ་ཧིན་གྷ་ཡའི་གནས་སྟངས་སྐོར་ལ་ཞིབ་འཇུག་བྱས་པ་ལྟར་ན། ཕྱི་ལོ་ ༢༠༡༦ ཟླ་ ༡༠ པ་ནས་བཟུང་བྷང་ལ་ཌི་ཤིའི་ནང་རོ་ཧིན་གྷ་ཡའི་སྐྱབས་བཅོལ་བ་མི་གྲངས་ ༧༤༠༠༠༠ ཙམ་འབྱོར་ཡོད་པ་དང་། གལ་སྲིད་འབར་མ་གཞུང་གིས་བདུན་གཅིག་གི་ནང་སྐྱབས་བཅོལ་བ་ ༡༥༠༠ རེ་མ་གཏོགས་རྩིས་ལེན་མ་བྱས་ཚེ། སྐྱབས་བཅོལ་བ་ཚང་མ་རྩིས་ལེན་བྱེད་པར་ལོ་ངོ་ ༡༠ མ་ཟིན་ཙམ་འགོར་རྒྱུ་ཡིན་པ་དང་། རོ་ཧིན་གྷ་ཡ་སྐྱབས་བཅོལ་བ་རྩིས་སྤྲོད་རྩིས་ལེན་ཐད་རྒྱལ་ཁབ་གཉིས་ནས་དམིགས་བསལ་ལས་བྱེད་པ་སོགས་གོ་སྒྲིག་བྱས་མེད་སྟབས། ཚང་མས་དང་བླངས་ཀྱི་ཐོག་ནས་ལས་གཞི་ལག་བསྟར་བྱ་དགོས་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༡/༡༨

Leave a Reply