ཀུ་ཤུ་བཟོ་ཚོང་ཁང་གིས་ཨ་སྒོར་དུང་ཕྱུར་ ༣༨ ཀྱི་ཁྲལ་འཇལ་དགོས་བྱུང་།

ཨ་རིའི་ཀུ་ཤུ་རྟགས་ཅན་བཟོ་ཚོང་ཁང་ལ་མ་རྩ་ཨ་སྒོར་དུང་ཕྱུར་ ༩༠༠ ལྷག་དང་འཛམ་གླིང་གི་རྒྱལ་ཁབ་ཁག་ ༢༢ ནང་ཁྱོན་ལས་མི་ ༡༢༣༠༠༠ ཙམ་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཕུས་ཨ་རིའི་དཔལ་འབྱོར་དཔྱ་ཁྲལ་ལམ་ལུགས་སྒྱུར་བཅོས་བཏང་ཡོད་པ་ལྟར། ཨ་རིའི་ཀུ་ཤུ་རྟགས་ཅན་བཟོ་ཚོང་ཁང་གིས་ཨ་སྒོར་དུང་ཕྱུར་ ༢༥༠ ཙམ་ཕྱིའི་རྒྱལ་ཁབ་ཁག་གི་ནང་གསོག་འཇོག་བྱས་ཡོད་པར་བརྟེན། ཨ་རིའི་གཞུང་ལ་ཨ་སྒོར་དུང་ཕྱུར་ ༣༨ ཀྱི་དཔྱ་ཁྲལ་འཇལ་དགོས་ཀྱི་ཡོད་འདུག་ལ། ཨ་རིིའི་དཔལ་འབྱོར་དཔྱ་ཁྲལ་ལམ་ལུགས་སྒྱུར་བཅོས་བཏང་རྗེས་ཀྱི་དཔྱ་ཁྲལ་མང་ཤོས་དེ་ཆགས་ཡོད་པ་རེད།

ཊོམ་ཕུས་ཨ་རིིའི་དཔལ་འབྱོར་དཔྱ་ཁྲལ་ལམ་ལུགས་སྒྱུར་བཅོས་བཏང་རྗེས། ཀུ་ཤུ་རྟགས་ཅན་བཟོ་ཚོང་ཁང་གིས་ཁང་པ་གསར་རྒྱག་བྱས་ཏེ་ཨ་རིའི་ནང་ལས་གནས་གསར་པ་ཁྲི་ ༢ བསྐྲུན་འཆར་ཡོད་པ་མ་ཟད། འབྱུང་འགྱུར་ལོ་ལྔའི་ནང་ཚུད་དུ་ཨ་རིའི་དཔལ་འབྱོར་ལ་ཨ་སྒོར་དུང་ཕྱུར་ ༣༥༠ མཐུན་སྦྱོར་བསྐྲུན་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་། ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཚོང་གཉེར་དེའི་དཔལ་འབྱོར་ག་ཚོད་ཅིག་ཨ་རིའི་ནང་འཁྱེར་ཡོང་མིན་གྱི་སྐོར་ལ་གང་ཡང་བཤད་མེད་པ་རེད།

ཀུ་ཤུ་བཟོ་ཚོང་ཁང་གི་སྤྱི་ཁྱབ་འགན་འཛིན་ཊིམ་ཁོ་ཁུ་(Tim Cook)ལགས་ཀྱིས། ད་ལྟའི་ཆར་ཀུ་ཤུ་བཟོ་ཚོང་ཁང་གིས་ཨ་རིའི་ནང་མ་རྐང་བཙུགས་ཏེ་ལས་གནས་བསྐྲུན་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་སྐོར་བརྗོད་འདུག་ལ། འདི་ལོར་ཨ་རིའི་ནང་གཅིག་པུར་ཀུ་ཤུ་བཟོ་ཚོང་ཁང་ལ་ལས་བྱེད་ཁྱོན་ ༨༤༠༠༠ ཡོད་པ་དང་། ཨ་རིའི་ནང་སོ་སོའི་ཐོན་རྫས་བཟོ་སྐྲུན་བྱེད་མཁན་དང་ཐོན་རྫས་ཁྲོམ་རར་འགྲེམས་སྤེལ་བྱེད་པའི་ཚོགས་སྒེར་གཉིས་ཀྱི་ཆེད་དུ་འགྲོ་གྲོན་ཨ་སྒོར་དུང་ཕྱུར་ ༥༥ གཏང་འཆར་ཡོད་འདུག

ཀུ་ཤུ་བཟོ་ཚོང་ཁང་ནི་ཨ་རིའི་དཔལ་འབྱོར་དཔྱ་ཁྲལ་ལམ་ལུགས་བཅོས་སྒྱུར་བཏང་རྗེས་ཨ་རིའི་ནང་མ་རྐང་ཇེ་མང་དུ་གཏོང་རྒྱུ་ཡིན་སྐོར་སྒྲོག་མཁན་ཐོག་མ་དེ་ཡིན་པ་དང་། ཨ་རིའི་དཔལ་འབྱོར་ལམ་ལུགས་སྒྱུར་བཅོས་ཀྱིས་ཨ་རིའི་བཟོ་གྲྭ་ཁག་གི་ཕྱི་ཕྱོགས་མཉམ་འབྲེལ་ཚོང་ལས་བརྒྱ་ཆ་ ༣༥ ནས་ ༢༡ བར་མར་ཆགས་ཡོད་པ་མ་ཟད། སྲིད་འཛིན་ཌོ་ནལ་ཊོམ་ཕུས། དཔྱ་ཁྲལ་ལམ་ལུགས་སྒྱུར་བཅོས་ཀྱིས་ཨ་རིའི་བཟོ་གྲྭ་ཁག་ལ་སོ་སོའི་རྒྱལ་ཁབ་ནང་མ་རྐང་འཛུགས་པར་འགྲན་རྩོད་སློང་གི་ཡོད་སྐོར་བརྗོད་ཡོད་པ་དང་། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་པལ་རན་(Paul Ryan)ལགས་ཀྱིས། འདི་ནི་ཨ་རིའི་དཔལ་འབྱོར་དང་ཨ་རིའི་ངལ་རྩོལ་མི་མང་ལ་མཚོན་ན་དགའ་འོས་པའི་གསར་འགྱུར་ཞིག་རེད་ཅེས་ཀུ་ཤུ་བཟོ་ཚོང་ཁང་གི་ཨ་རིའི་ནང་མ་རྐང་ཇེ་མང་དུ་གཏོང་རྒྱུ་ཡིན་སྐོར་བསྒྲགས་པ་དེར་བསྔགས་བརྗོད་གནང་ཡོད་འདུག

ཀུ་ཤུ་རྟགས་ཅན་བཟོ་ཚོང་ཁང་ནི་ཕྱི་ལོ་ ༡༩༧༦ ཟླ་ ༤ ཚེས་ ༡ ཉིན་ཨ་རིའི་མངའ་སྡེ་ཁ་ལེ་ཧྥོ་ནེ་ཡའི་གྲོང་ཁྱེར་ཁ་ཕིར་ཊི་ནོ་(Cupertino)ཞེས་པ་རུ། སྐུ་ཞབས་སི་ཊི་ཧྥི་ཇོ་བྷི་སི་(Steve Jobs)ལགས་དང་སི་ཊི་ཧྥི་ཝོ་ཛི་ནེ་ཡ་ཁི(Steve Wozniak)ལགས། དེ་བཞིན། རོ་ནལ་ཌི་ཝེ་ནེ་(Ronald Wayne)བཅས་ཀྱིས་གསར་འཛུགས་གནང་སྟེ་འཕྲུལ་ལས་རིག་པའི་བཟོ་བཀོད་གཙོ་གཉེར་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་ཀུ་ཤུ་བཟོ་ཚོང་ཁང་གི་ཡོང་འབབ་ཨ་སྒོར་དུང་ཕྱུར་ ༢༢༩ ལྷག་བྱུང་ཡོད་པ་དང་། ད་ལྟའི་ཆར་བཟོ་ཚོང་ཁང་མ་རྩ་ཨ་སྒོར་དུང་ཕྱུར་ ༩༠༠ ལྷག་དང་ལས་བྱེད་མི་འབོར་ ༡༢༣༠༠༠། བཟོ་གྲྭའི་ལས་གཞིའི་རྣམ་གྲངས་ཁྲོད་གློག་ཀླད་དང་བརྙན་འཕྲིན། ཁ་པར་ཐོན་རིམ། ཆུ་ཚོད། iPad སོགས་འཕྲུལ་རིགས་ཐོན་རྫས་སྣ་མང་ཞིག་འཛམ་གླིང་སྤྱི་ཡོངས་ཀྱི་ནང་ཚོང་འགྲེམས་བྱེད་བཞིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༡/༡༨

Leave a Reply