མཛོད་དགེའི་སྐྱེས་པ་ ༩༦༧ གྱིས་རྐུ་གྲི་རྒྱན་གསུམ་ལོ་བཞིར་བཅད།

མཛོད་དགེ་རྫོང་གླིང་བ་ཡུལ་ཚོའི་སྐྱེས་པ་ ༩༦༧ གྱིས་ཟླ་འདིའི་ཕྱི་ཚེས་ ༡༨ ནས་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༡༨ བར་རྐུ་མི་བྱེད་པ་དང་རྒྱན་མི་འཇོན་པ། ལུས་ལ་གྲི་མི་འདོགས་པའི་དམ་བཅའ་བཞག་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན། མཛོད་དགེ་རྫོང་ཤོག་ཆེན་ ༡༢ ཀྱི་ཁོངས་གཏོགས་གླིང་བ་སྟོད་སྨད་བར་གསུམ་དང་མཐའ་བ་བཅས་ཀྱི་རང་ལོ་ ༡༥ ཡན་ཆད་དང་ལོ་ ༦༠ མན་ཆད་ཀྱི་སྐྱེས་པ་ ༩༦༧ གྱིས། ད་ལོའི་ཕྱི་ཟླ་༡ ཚེས་༡༨ ནས་ཕྱི་ལོ་༢༠༢༢ ལོའི་ཕྱི་ཟླ་ ༡ ཚེས་ ༡༨ བར་ཏེ་ལོ་ངོ་ཧྲིལ་པོ་བཞིའི་རིང་། རྐུ་མི་བྱེད་པ་དང་རྒྱན་མི་འཇོག་པ། ལུས་ལ་གྲི་མི་འདོགས་པ་བཅས་ལ། ས་གནས་དེའི་རི་བོང་དགོན་བཀྲ་ཤིས་བྱང་ཆུབ་ཆོས་འཕེལ་གླིང་གི་དགོན་བདག་བླ་མ་རྗེ་སྐལ་བཟང་དམ་ཆོས་རྒྱ་མཚོ་མཆོག་དཔང་དུ་བཙུགས་ནས་དམ་བཅའ་བཞག་ཡོད་འདུག

འདི་གའི་གསར་འགོད་པས་ཡུལ་མི་ཞིག་ལ་གནས་ཚུལ་དེའི་སྐོར་དྲིས་པར་ཁོང་གིས། ལོ་གསུམ་རེའི་མཚམས་སུ་ཡུལ་སྡེའི་མགོ་འཁྲིད་འདེམས་བསྐོ་བྱས་རྗེས། རྐུ་མི་བྱེད་པའི་དམ་བཅའ་འཇོག་གི་ཡོད་པ་ལྟར། ད་ལོ་ཡང་དམ་བཅའི་བྱེད་སྒོ་དེ་སྤེལ་ཡོད་པ་དང་། གླིང་བ་ཡུལ་ཚོ་སྟོད་སྨད་བར་གསུམ་དང་མཐའ་བ་བཅས་ནས་རྐུ་གྲི་རྒྱན་གསུམ་བཅད་པ་དེ་ནི། མ་འོངས་ལོ་བཞིའི་ནང་མཛོད་དགེ་རྫོང་ཁོངས་ཤོག་ཆེན་ ༡༢ ཙམ་གྱི་ནང་རྐུ་མི་བྱེད་པ་དང་། རྒྱན་མི་འཇོག་པ་ཙམ་མིན་པར་བོད་ཁམས་ཡོངས་ཀྱི་ནང་མི་བྱེད་པའི་དམ་བཅའ་ཡིན་པ་རེད་ཅེས་ཟེར་ནའང་མི་ཆོག་པ་མེད་སྐོར་བརྗོད་བྱུང་།

 འདི་གར་མཁོ་སྤྲོད་གནང་བའི་མཛོད་དགེ་གླིང་བའི་རྐུ་གྲི་རྒྱན་གསུམ་བཅད་པའི་སྒྲིག་ཡིག་གི་ནང་དུ། རྐུ་གཅོད་སྟངས་ཀྱི་ཐད་ནས་སྒོར་བརྒྱའི་ཡན་གྱི་རྫས་དངོས་གང་ཡིན་རྐུ་མི་ཆོག་པ་དང་། དེ་བཞིན་ཤོ་རྒྱན་གཅོད་སྟངས་སྐོར་ནས་རྩེད་ཤོག་(Play Card)དང་ཤིང་ཐོ།  སྒྲིག་ཤོ།   ཁུག་དམར།  གློག་རྩེད་རོལ་ཆས་ཀྱི་རྒྱན་སྐུགས་མི་ཆོག་པ་སོགས་དང་།  གཞན་ཡང་། གྲི་གཅོད་སྟངས་ཀྱི་སྐོར་ནས་གླིང་བའི་ས་ནས་རང་མིས་གྲི་གཏན་ནས་ཁྱེར་མི་ཆོག་པ་མ་ཟད། གཞན་མི་ས་གླ་མཁན་གྱིས་རྐུ་བྱེད་པ་དང་།  གྲི་བརྒྱབས་ནས་དོན་རྐྱེན་བཟོས་ན་སྒྲིག་ཡིག་འདིའི་ནང་དོན་ལྟར་ཐག་གཅོད་བྱ་རྒྱུ་ཡིན་པས་ས་བདག་རང་ཉིད་ཀྱིས་འགན་འཁུར་དགོས་ཀྱི་ཡོད་སྐོར་བཀོད་འདུག
དམ་བཅའ་དང་འགལ་ཚེ། རྐུ་གྲི་རྒྱན་གསུམ་དུས་ལྟར་མི་གཅོད་མཁན་ལ་རྒྱ་སྒོར་ ༢༠༠༠ ཆད་པ་དང་། དམ་བཅའ་སྒྲིག་གཞི་དང་འགལ་ན་རྒྱ་སྒོར་ ༡༠༠༠ ཉེས་ཆད་པ་དང་། ཡང་བསྐྱར་གཅོད་དགོས། རྒྱན་ཁང་ཕྱེ་མཁན་ཡོད་ཚེ་རྒྱ་སྒོར་ ༥༠༠༠ ཆད་པ་དང་།རང་ས་ནས་རང་མི་གྲི་ཁྱེར་མཁན་མཐོང་ཚེ་རྒྱ་སྒོར་ ༡༠༠༠ ཆད་པ་ཡོད་པ་དང་། གྲིས་བརྒྱབས་ཏེ་དོན་རྐྱེན་བཟོས་ཚེ་རྒྱ་སྒོར་ ༣༠༠༠ ཆད་པ་ཡོད།
མཛོད་དགེ་གླིང་བ་ཡུལ་ཚོས་འཆར་ཅན་ལྟར་རྐུ་གྲི་རྒྱན་བཅད་པའི་དགོས་དམིགས་ནི། གླིང་བ་སྲིད་གཞུང་དང་།  མངགས་གཏོང་ཁང་།  དགོན་གྲོང་ལྔས་གྲོས་བྱས་ནས་མཛོད་དགེ་བླ་མ་སྐལ་བཟང་དམ་ཆོས་རྒྱ་མཚོའི་ཞབས་བརྟན་ལ་དམིགས་ནས་རྐུ་གྲི་རྒྱན་གསུམ་བཅད་པ་ཡིན་ལ།  སྤྱི་ཚོགས་བདེ་འཇགས་དང་འབྱུང་འགྱུར་ལ་ཁ་ཕྱོགས་ནས་འཚེ་མེད་ཞི་བདེ་ལ་རྒྱབ་སྐྱོར་ཙམ་གྱི་ཆེད་དུ་ཡིན་སྐོར་བཀོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༡/༡༩

Leave a Reply

One thought on “མཛོད་དགེའི་སྐྱེས་པ་ ༩༦༧ གྱིས་རྐུ་གྲི་རྒྱན་གསུམ་ལོ་བཞིར་བཅད།

  1. གཞུང་པ་ཚེ་དབང་བསོད་ནམས་

    རྐུ་གྲི་རྒྱན་གསུམ་དོར་བ་དཀར་པོའི་ལས་།
    དཀར་པོའི་ལས་ལ་འཇུག་པ་དགེ་བའི་ཚོགས་།
    དགེ་རྩ་ཐམས་ཅད་ཀུན་སློང་རྗེས་སུ་སྨིན་།
    དགེ་རྩ་ཐམས་ཅད་སེམས་ཅན་དོན་དུ་བསྔོ་།