ཁ་སང་ཕྱི་དྲོར་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་སྒོ་ཆེན་བཞི་པའི་ཉེ་འཁྲིས་ནས་འགད་རྫས་ཆེན་པོ་གཉིས་ལག་སོན་བྱུང་ཡོད་འདུག
རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་དགོང་མོར་གནས་མཆོག་རྡོ་རྗེ་གདན་གྱི་༧གོང་ས་མཆོག་གི་གསུང་ཆོས་ར་བའི་ནང་དུ། མི་མང་གིས་བཞུགས་ཁྲིར་མཇལ་ཁ་ཞུ་བཞིན་པའི་སྐབས་སུ། གློ་བུར་དུ་གསུང་ཆོས་ར་བའི་ཕྱི་ལོགས་ཀྱི་སྤྱི་ཐབ་ཕྱོགས་ནས་འབར་གས་ཀྱི་སྒྲ་ཞིག་གྲགས་ཡོད་པ་དང་། དེ་མ་ཐག་རྒྱ་གར་བདེ་སྲུང་ཉེན་རྟོག་པས་༧གོང་ས་མཆོག་གི་བཞུགས་ཁྲི་གཙོས་གསུང་ཆོས་ར་བའི་ཕྱི་ནང་ཡོངས་ལ་ཞིབ་བཤེར་བྱེད་སྐབས། མཆོད་རྟེན་ཆེན་མོའི་སྒོ་རྟགས་གྲངས་ ༤ པའི་ཉེ་འགྲམ་ནས་འགད་རྫས་ཆེན་པོ་གཉིས་ལག་སོན་བྱུང་ཡོད་པ་རེད།
ས་གནས་རྒྱ་གར་ཉེན་རྟོག་དཔོན་སྐུ་ཞབས་ཝི་ནེ་ཀུ་མར་ལགས་ཀྱིས། གློ་བུར་དུ་འབར་གས་ཀྱི་སྐད་སྒྲ་བྱུང་སྟེ་ཉེ་འཁོར་གྱི་ཆོས་མཇལ་བ་ཁག་ཅིག་ལ་ཞེད་སྣང་བསླངས་ཡོད་སྟབས། ང་ཚོས་མགྱོགས་མྱུར་ཞིབ་འཇུག་བྱས་པ་བརྒྱུད་ཐབ་ཚང་ནང་ནས་ཚ་དམ་ཞིག་ལ་འབར་གས་བྱུང་བ་ཤེས་རྟོགས་བྱུང་སྐོར་བརྗོད་འདགུ
ལ྄ག་སོན་བྱུང་བའི་འགད་རྫས་འཇོག་མཁན་སུ་ཡིིན་པ་དང་ག་དུས་ཤིག་ལ་བཞག་ཡོད་མེད་སོགས་ལ་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་པ་དང་། ཐེངས་འདིའི་འགད་རྫས་རེ་རེར་ལྗིད་ཚད་སྤྱི་རྒྱ་ ༡༠ རེ་ཡོད་པ་དང་། ད་ལྟ་འགད་རྫས་དེ་ཉེན་རྟོག་ཁང་དུ་བཞག་ཡོད་འདུག
གནས་མཆོག་རྡོ་རྗེ་གདན་དུ་འགད་རྫས་བཞག་པ་ད་ལན་ཐེངས་དང་པོ་མིན་པར་ཕྱི་ལོ་ ༢༠༡༣ ལོར། རྡོ་རྗེ་གདན་དུ་འབར་གས་དོན་རྐྱེན་བྱུང་སྟེ། གྲྭ་བ་གཉིས་དང་མི་སྐྱ་གསུམ་ལ་རྨས་སྐྱོན་བཟོས་ཡོད་པ་མ་ཟད། འགད་རྫས་དགུ་ལྷག་སྦད་སྐོང་བྱས་ཡོད་པ་ལག་སོན་བྱུང་ཡོད་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།