རྒྱ་ནག་དམར་ཤོག་ཚོགས་པའི་གནོན་ཤུགས་དང་ཨ་རིའི་གཙུག་ལག་སློབ་ཆེན་གྱི་ལན་འདེབས།

ཇོ་ཤི་རོ་གྷིན་(Josh Rogin)གྱིས་བརྩམས།

ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།

ཕྱི་ལོ་ ༢༠༠༤ ལོར་ཧོང་ཀོང་གི་སྤྱི་ཁྱབ་ཡིན་པ་སྐུ་ཞབས་ཏུང་ཆིའི་ཝ།(Anat Givon/AP)

རྒྱ་ནག་གིས་ཨ་རིའི་སྒྲིག་འཛུགས་ཁག་ལ་ཐེ་བྱུས་བྱེད་པའི་འབད་ཐབས་སྣ་ཚོགས་ཤིག་བྱེད་བཞིན་ཡོད་པའི་ནང་གི་ཆ་ཤས་ཤིག་ནི་རྒྱུན་དུ་པེ་ཅིང་དང་འབྲེལ་བ་དམ་ཟབ་ཡོད་པའི་ཕྱི་ཕྱོགས་ཀྱི་ཚོགས་སྡེ་ཁག་བརྒྱུད་དེ་རོགས་དངུལ་མཁོ་སྤྲོད་ཀྱི་ལམ་ནས་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་གི་བགྲོ་གླེང་གི་ཁ་ཕྱོགས་ལ་འཕོ་འགྱུར་དང་། སྐྱོན་བརྗོད་དང་དག་ཐེར་གྱི་དཔྱད་ཞིབ་ལ་མགོ་གནོན། ཤེས་ཡོན་སློབ་གསོའི་བྱེད་སྒོ་ལ་ཤུགས་རྐྱེན་སྤྲོད་ཐབས་བཅས་བྱེད་བཞིན་ཡོད་པ་རེད།

ད་ཆ་ཕྱི་རྒྱལ་ཁག་ལ་ཤུགས་རྐྱེན་སྤྲོད་པའི་པེ་ཅིང་གི་ལས་འགུལ་གྱི་རྣམ་པ་དེ་ལ་གཙུག་ལག་སློབ་ཆེན་གྱི་ཤེས་ལྡན་མི་སྣ་དང་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་རྣམས་ཀྱིསའགོག་རྒོལ་བྱེད་འགོ་ཚུགས་ཡོད། རིམ་བཞིན་འཕེལ་བཞིན་ཡོད་པའི་གཙུག་ ལག་སློབ་ཆེན་གྱི་རྭ་བའི་ནང་གི་དམག་ཆེན་གྱི་དམག་འཐབ་ཆེ་བ་ཞིག་ནི་འདས་པའི་ཟླ་ངོ་དྲུག་གི་རིང་ཨོའུ་སི་ཀྲིན་དུ་རྟེན་གཞི་བྱས་པའི་ཀྲེ་སཱ་སེ་སློབ་ཆེན་ནང་དུ་བྱུང་ཡོད།

ནང་ཁུལ་གྱི་རྩོད་གླེང་རིང་མོ་ཞིག་དང་གྲོས་ཚོགས་གོང་མའི་འཐུས་མི་ཀྲེཌ་ཁུ་རུ་ཛི་ཡི་སྣེ་འཁྲིད་པའི་རིམ་པ་མཐོ་བའི་རྟོག་ཞིབ་དང་བར་འདུམ་ཞིག་གི་རྗེས་སུ་གཙུག་ལག་སློབ་ཆེན་དེས་སློབ་ཆེན་དེ་ཉིད་ཀྱི་རྒྱ་ནག་ཉམས་ཞིབ་ལྟེ་གནས་ཁང་གསར་པ་དེའི་གཙོ་འཛིན་གྱིས་བདུན་ཕྲག་གཅིག་གི་གོང་དུ་བཏོན་པའི་ཨ་རྒྱའི་(རིག་གཞུང་)བརྗེ་ལེན་ཐེབས་རྩ་(China United States Exchange Foundation)ཡི་རོགས་དངུལ་ལ་དང་ལེན་བྱ་རྒྱུའི་དགོས་འདུན་ལ་དགག་བྱ་བྱས་ཡོད། ཧོང་ཀོང་དུ་རྟེན་གཞི་བྱས་པའི་ཐེབས་རྩ་དེ་དང་ཐེབས་རྩ་དེའི་གཙོ་འཛིན་ཏུང་ཆིའི་ཝ་ནི་རྒྱ་ནག་གི་ཤུགས་རྐྱེན་ཕྱི་ཕྱོགས་སུ་སྤེལ་མཁན་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་ཡན་ལག་ལས་ཁུངས་དང་འབྲེལ་བ་དམ་ཟབ་ཡོད་པ་རེད།

ཀྲེ་སཱ་སེ་སློབ་ཆེན་གྱི་རྩོད་གླེང་དེ་ནི་སློབ་ཆེན་དེའི་མང་ཚོགས་གནད་དོན་གྱི་ལིན་ཌོན་སྦི་ཇོན་སན་སློབ་གཉེར་ཁང་དུ་སྤྱི་ཟླ་ ༨ ནང་རྒྱ་ནག་གི་མང་ཚོགས་སྲིད་བྱུང་ལྟེ་གནས་ཁང་སྒོ་འབྱེད་བྱས་རྗེས་སུ་གློ་བུར་དུ་ཕྱིར་བརྡོལ་བ་ཞིག་ཆགས་ཡོད། ལག་བསྟར་འགན་འཛིན་ཌཱ་ཝི་ཌ་ཕཱ་སེ་ཀྲིན་གྱིས་ཨ་རྒྱའི་(རིག་གཞུང་)བརྗེ་ལེན་ཐེབས་རྩ་དེ་ནི་སྒོ་འབྱེད་ལས་གཞི་དེའི་རོགས་དངུལ་སྦྱོར་མཁན་གཙོ་བོ་ཞིག་ཏུ་འཇོག་རྒྱུའི་དགོས་འདུན་བཏོན་ཡོད། ཌཱ་ཝི་ཌ་ཕཱ་སེ་ཀྲིན་ནི་ཕྱི་འབྲེལ་ལས་བྱེད་ཅིག་ཟུར་པ་ཞིག་དང་དེ་སྔོན་ཐེབས་རྩ་དེ་དང་ལྷན་དུ་ལས་ཀ་བྱེད་མྱོང་བ་ཞིག་ཡིན་པ་རེད།

གཙུག་ལག་སློབ་དཔོན་དང་སློབ་ཆེན་གྱི་ལས་བྱེད་འགའ་ཞིག་གིས་ཨ་རྒྱའི་(རིག་གཞུང་)བརྗེ་ལེན་ཐེབས་རྩ་དང་། ཏུང་ཆིའི་ཝ། དེ་བཞིན་དམར་ཤོག་ཚོགས་པ་བཅས་དབར་གྱི་འབྲེལ་བའི་སྐོར་ལ་དོགས་སློང་བྱས་རྗེས་སུ་སློབ་ཆེན་གྱི་གཙོ་འཛིན་གྷི་རི་གྷོ་རི་ཕན་ཝི་སི་ཡིས་རྟོག་ཞིབ་ལས་དོན་ཞིག་སྤེལ་ཡོད། ཕན་ཝི་སི་ཡིས་བདུན་ཕྲག་འགའ་ཞིག་གི་རིང་གསང་བའི་ལས་ཁུངས་ཀྱི་ལས་བྱེད་དང་ཆེད་ལས་པ་ཁག་ཅིག་ངོ་ཐུག་གིས་ཨ་རྒྱའི་(རིག་གཞུང་)བརྗེ་ལེན་ཐེབས་རྩའི་རོགས་དངུལ་དང་ལེན་བྱས་ཚེ་སློབ་ཆེན་གྱི་ཤེས་ཡོན་སློབ་གསོའི་ཚུགས་ཐུབ་རང་བཞིན་ལ་དོ་ཕོག་དང་ཤེས་ཡོན་སློབ་གསོའི་ཐོན་སྐྱེད་ཐོག་ལ་རྒྱ་ནག་གི་དོན་མེད་ཀྱི་གནོན་ཤུགས་སྤྲོད་རྒྱུའི་ལམ་བུ་ཞིག་གཏོད་སྲིད་པའི་ཉེན་ཚབས་ཇི་ཙམ་ཡོད་མེད་ལ་རྟོག་ཞིབ་བྱས་ཡོད་པ་རེད།

རྟོག་ཞིབ་ལས་དོན་དེ་སྐྱོད་བཞིན་པའི་སྐབས་འདིར་ཨ་རྒྱའི་(རིག་གཞུང་)བརྗེ་ལེན་ཐེབས་རྩས་མཐུན་འགྱུར་སྦྱར་བའི་འོག་ཌཱ་ཝི་ཌ་ཕཱ་སེ་ཀྲིན་གྱིས་སྤྱི་ཟླ་ ༡༡ པའི་ནང་མཛད་སྒོ་ཞིག་བསྐྱངས་ཡོད་པ་དེའི་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཟུར་པ་ཞིག་དམིགས་བསལ་སྐུ་མགྲོན་དུ་བཞུགས་ཡོད་པ་རེད། དེའི་རྗེས་དུས་ཡུན་མི་རིང་བ་ཞིག་གི་ནང་གསར་འགྱུར་མང་དག་ཅིག་ཐོན་ཡོད་པ་དེ་དག་གིས་ཏུང་ནི་རྒྱ་ནག་མི་དམངས་སྲིད་གྲོས་ལྷན་ཁང་གི་འགན་འཛིན་གཞོན་པ་ཡིན་པ་གསལ་སྟོན་བྱས་ཡོད། སྲིད་གྲོས་ལྷན་ཁང་དེ་ནི་དམར་ཤོག་ཚོགས་པའི་ཡན་ལག་ཅིག་ཡིན་ཞིང་དེས་རང་ཉིད་”འཐབ་ཕྱོགས་གཅིག་གྱུར་ཚོགས་པ་”ཞིག་གི་ངོ་བོར་ངོས་འཛིན་བྱེད་བཞིན་ཡོད། རྒྱ་ནག་མི་དམངས་སྲིད་གྲོས་ལྷན་ཁང་དང་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གཉིས་མཉམ་འབྲེལ་གྱི་སྒོ་ནས་ཕྱི་ཕྱོགས་སུ་རྒྱ་ནག་གི་ཤུགས་རྐྱེན་སྤེལ་ཐབས་ཀྱི་ལས་དོན་གཉེར་བཞིན་ཡོད་པ་རེད།

“ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཁག་ནི་(ད་དུའང་མཱའོ་ཡི་ཐ་སྙད་བཀོལ་སྤྱོད་བྱེད་བཞིན་ཡོད་)ཏང་གི་གྲོགས་པོ་རྣམས་བརྒྱུད་སྐུལ་བྱས་ཏེ་ཏང་གི་དགྲ་བོར་རྒོལ་བརྡུངས་བྱེད་རྒྱུར་དམིགས་ཡོད་པས་དེ་ཨ་རིའི་གཙུག་ལག་སློབ་ཆེན་གྱི་རྭ་བ་ཞིག་གི་ནང་འཇུག་རྒྱུའི་ས་ཆ་མེད་པ་རེད།”ཅེས་ཇེམ་སེ་ཀྲོན་ཐེབས་རྩར་ཡོད་པའི་རྒྱ་ནག་ཉམས་ཞིབ་པ་པེ་ཀྲར་མཱ་ཀྲི་སི་ཡིས་བརྗོད།

ཏུང་ནི་ཧོང་ཀོང་པི་ཅིང་དུ་ཕྱིར་སློག་བྱུང་རྗེས་ཀྱི་ཧོང་ཀོང་གི་སྤྱི་ཁྱབ་པ་དང་པོ་དེ་ཡང་ཡིན་པ་རེད། ཁོའི་ཐེབས་རྩས་སྦུ་རུ་ཀིན་གཙུག་ལག་སློབ་གཉེར་ཁང་(Brookings Institution)དང་ཇོན་སི་ཧོབ་ཀིན་སེ་གཙུག་ལག་སློབ་ཆེན་གྱི་མཐོ་རིམ་རྒྱལ་སྤྱིའི་ཞིབ་འཇུག་སློབ་གཉེར་ཁང་(Johns Hopkins University School of Advanced International Studies)ཐེ་བའི་གནད་ཡོད་ཀྱི་ཤེས་ཡོན་སློབ་གསོའི་ལྟེ་གནས་ཁང་དང་ཉམས་ཞིབ་ཁང་མང་དག་ཅིག་གི་ཉམས་ཞིབ་ལས་དོན་ཐོག་རོགས་དངུལ་མཁོ་སྤྲོད་བྱེད་བཞིན་ཡོད། ཨ་རྒྱའི་(རིག་གཞུང་)བརྗེ་ལེན་ཐེབས་རྩའི་མགྲིན་ཚབ་པ་ཞིག་གིས་ངར་བརྗོད་ན་ཐེབས་རྩ་དེ་ནི་རྒྱ་ནག་གཞུང་གི་ངོ་ཚབ་ཞིག་མ་ཡིན་པར་ཨ་རྒྱ་གཉིས་ཀྱི་བཟང་ཕྱོགས་ཀྱི་འབྲེལ་བ་ནི་”རྒྱལ་སྤྱིའི་བདེ་ཐབས་ལ་ངེས་པར་དུ་མཁོ་བ་”ཞིག་ཡིན་པར་ཡིད་ཆེས་བྱེད་མཁན་གྱི་སྒེར་གྱི་སྦྱིན་བདག་རྣམས་ཀྱིས་རོགས་སྐྱོར་བྱེད་བཞིན་ཡོད་པའི་ཐེབས་རྩ་ཞིག་ཡིན་པ་རེད།

ཨོའུ་སི་ཀྲིན་དུ་རྟེན་གཞི་བྱས་པའི་ཀྲེ་སཱ་སེ་སློབ་ཆེན་ཁུ་རུ་ཛི་ཡི་ཐོ་གཞུང་ནང་མ་འཁོད་གོང་ཁུ་རུ་ཛི་ཡིས་རང་ཉིད་ཀྱི་བསམ་ཚུལ་བརྗོད་ཡོད། སྤྱི་ཟླ་ ༡ ཚེས་ ༢ ཉིན་འཕྲིན་ཡིག་ཅིག་གི་ནང་ཁུ་རུ་ཛི་ཡིས་ཕེན་ཝི་སི་ལ་ཨ་རྒྱའི་(རིག་གཞུང་)བརྗེ་ལེན་ཐེབས་རྩའི་རོགས་དངུལ་དང་ལེན་བྱས་ན་དེས་རྒྱ་ནག་གི་དྲིལ་བསྒྲགས་དར་སྤེལ་གཏོང་རྒྱུ་དང་གཙུག་ལག་སློབ་ཆེན་གྱི་ཡིད་རྟོན་རང་བཞིན་གྱི་གནས་བབས་ལ་དོ་ཕོག་གཏོང་སྲིད་པའི་ཉེན་བརྡ་བཏང་ཡོད།

ཨ་རྒྱའི་(རིག་གཞུང་)བརྗེ་ལེན་ཐེབས་རྩ་དང་འཐབ་ཕྱོགས་གཅིག་གྱུར་ཁང་ནི་དམར་ཤོག་ཚོགས་པའི་”ནང་རོལ་གྱི་དབང་གཙོ་སྨྲ་བའི་རིང་ལུགས་”ཀྱི་”ཕྱིའི་རྣམ་པ་”དེ་ཡིན་པས་ཁོང་ཚོར་ཨོའུ་སི་ཀྲིན་དུ་རྟེན་གཞི་བྱས་པའི་ཀྲེ་སཱ་སེ་གཙུག་ལག་སློབ་ཆེན་གྱི་ཤེས་ཡོན་མ་ལག་ནང་འཇུག་ལམ་གཏོད་ཚེ་”དོན་མེད་ཀྱི་ཕྱི་ཕྱོགས་ཀྱི་གནོན་ཤུགས་དང་བཤུ་གཞོག་གི་ལམ་སྣེ་དྲངས་སྲིད་”ཅེས་ཁུ་རུ་ཛི་ཡིས་བྲིས་ཡོད།

རེས་གཟའ་པ་སངས་ཉིན་ཕེན་ཝི་སི་ཡིས་ཁུ་རུ་སི་ལ་ལན་འདེབས་ཤིག་བྱས་ཡོད་པའི་ནང་ཨོའུ་སི་ཀྲིན་དུ་རྟེན་གཞི་བྱས་པའི་ཀྲེ་སཱ་སེ་གཙུག་ལག་སློབ་ཆེན་གྱིས་དེ་ཉིད་ཀྱི་རྒྱ་ནག་ཞིབ་འཇུག་ལྟེ་གནས་ཁང་གི་ཆེད་དུ་ཨ་རྒྱའི་(རིག་གཞུང་)བརྗེ་ལེན་ཐེབས་རྩ་ནས་རོགས་དངུལ་གང་ཡང་དང་ལེན་བྱ་རྒྱུ་མིན་པ་དང། གྲོས་ཚོགས་འཐུས་མི་མཆོག་གི་ཉེན་བརྡ་མ་འབྱོར་གོང་ནས་གཙུག་ལག་སློབ་ཆེན་གྱིས་”ལས་རིམ་བསྟར་ཆགས་ཀྱི་མ་དངུལ་མཐུན་སྦྱོར”ལ་དང་ལེན་མི་བྱེད་རྒྱུར་ཐག་གཅོད་བྱས་ཡོད་ཅེས་བྲིས་ཡོད། འཕྲིན་ཡིག་དེ་དང་ཝ་ཤིང་ཀྲོན་གསར་ཁང་(Washington Post)གི་དྲི་བརྩད་བྱུང་རྗེས་གཙུག་ལག་སློབ་ཆེན་དེས་ཨ་རྒྱའི་(རིག་གཞུང་)བརྗེ་ལེན་ཐེབས་རྩའི་རོགས་དངུལ་ཡོངས་རྫོགས་ལ་བཀག་སྡོམ་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད།

ཕེན་ཝི་སི་ཡིས་ཁུ་རུ་ཛི་དང་མཚུངས་པར་ཨ་རྒྱའི་(རིག་གཞུང་)བརྗེ་ལེན་ཐེབས་རྩའི་རོགས་དངུལ་དང་ལེན་བྱས་ཚེ་”ཁེ་ཕན་གྱི་འགའ་འདུའི་རྩོད་རྙོག་ངེས་ཅན་ཞིག་སློང་སྲིད་པའམ། ཡང་ན་ཤེས་ཡོན་སློབ་གསོའི་རང་དབང་དང་འཁྲུག་ཆ་དོད་པའི་བསམ་ཚུལ་བརྗེ་ལེན་ཐོག་ལ་ཚད་བཀག་འགེལ་སྲིད་པར་”དོ་ཁུར་བྱེད་བཞིན་ཡོད་ཅེས་ཁོས་བྲིས་ཡོད། ཁུ་རུ་ཛི་ཡི་ལས་རོགས་ཤིག་གིས་བརྗོད་པ་ལྟར་ན་ཕེན་ཝི་སི་ཡི་ཐག་གཅོད་དེས་ཁོས་གཙུག་ལག་སློབ་ཆེན་དེའི་ཚུགས་ཐུབ་རང་བཞིན་ལ་སྲུང་སྐྱོབ་བྱས་པ་ཞིག་ཆགས་ཡོད་པ་རེད།

ཨོའུ་སི་ཀྲིན་དུ་རྟེན་གཞི་བྱས་པའི་ཀྲེ་སཱ་སེ་གཙུག་ལག་སློབ་ཆེན་གྱི་ཐག་གཅོད་དེས་འབྱུང་འགྱུར་མཐོ་རིམ་ཤེས་ཡོན་སློབ་གསོའི་ཐོག་ལ་རྒྱ་ནག་གི་རོགས་དངུལ་ཙམ་དུ་མ་ཟད་ད་དུང་རང་དབང་ལྡན་པའི་ཚོགས་སྡེ་ཁག་ནང་རྒྱ་ནག་གི་གནོན་ཤུགས་”རྣོ་ངར་ཅན་གྱི་དབང་ཤུགས་”ཞེས་པ་དེ་འགོག་པའི་གཞི་རྒྱ་ཆེ་བའི་འབད་རྩོན་ལའང་ཤུགས་རྐྱེན་གྱི་ནུས་པ་འཐོན་རྒྱུ་ཡིན་པ་རེད།

“རྒྱ་ནག་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དང་འབྲེལ་བའི་ཡོད་པའི་རྒྱུ་མཚན་གྱིས་གཙུག་ལག་སློབ་ཆེན་ཞིག་གིས་རོགས་དངུལ་ཕྱིར་སློག་བྱས་པ་ནི་དཔེ་མཚོན་ཐོག་མའི་གྲས་གཅིག་རེད་”ཅེས་མཱ་ཀྲི་སི་ཡིས་བརྗོད། ཁོས་ད་དུང་ཁ་སྣོན་དུ་གཙུག་ལག་སློབ་ཆེན་དེའི་ཤེས་རྟོགས་ཡོད་པའི་སྒོ་ནས་ཆེད་གཉེར་གྱི་ལས་སྟངས་དེ་ནི་གཙུག་ལག་སློབ་ཆེན་གཞན་དག་ལ་དཔེ་མཚོན་གྱི་གཞི་ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད་ཅེས་བརྗོད།

གཙུག་ལག་སློབ་ཆེན་རྣམས་ཀྱིས་ད་དུའང་རྒྱ་ནག་ལ་གདོང་ལེན་བྱ་དགོས་པའི་གནད་ཆེན་ཆེ་ཁག་མང་དག་ཅིག་འཕྲད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་སློབ་ཆེན་གྱི་རྭ་བའི་ནང་ཡོད་པའི་ཁུན་ཕུ་ཞིའོ་ཚེ་ལྟེ་གནས་ཁང་(Confucius Institutes) བརྒྱ་ཕྲག་ལྷག་ལ་ཡོན་སྦྱོར་བྱེད་བཞིན་ཡོད། ལྟེ་གནས་ཁང་དེ་དག་ནི་ཕྱི་གསལ་ནང་གསལ་མེད་པའི་གན་རྒྱའི་འོག་ལས་དོན་སྤེལ་བཞིན་ཡོད་ལ་རྒྱུན་དུ་རྒྱ་ནག་དང་འབྲེལ་བའི་ཤེས་ཡོན་སློབ་གསོའི་བྱེད་སྒོ་ཁག་གི་ནང་ཐེ་བྱུས་བྱེད་བཞིན་ཡོད་པའི་སྐྱོན་འཛུགས་ཀྱང་འབྱུང་བཞིན་ཡོད་པ་རེད། ཁ་གྲངས་རྒྱ་ཆེར་འཕེལ་བཞིན་ཡོད་པའི་ཨ་རིའི་ནང་དུ་ཡོད་པའི་རྒྱ་རིགས་སློབ་ཕྲུག་རྣམས་ནས་དམར་ཤོག་ཚོགས་པའི་བརྗོད་ཚུལ་དང་རྒྱབ་འགལ་གྱི་གཏམ་བཤད་སྤེལ་སྐབས་ཁོང་ཚོ་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཚུད་བཞིན་ཡོད་པ་རེད། གཙུག་ལག་སློབ་དཔོན་རྣམས་ཀྱིས་པེ་ཅིང་གི་སྲིད་བྱུས་ལ་སྐྱོན་བརྗོད་ཀྱི་རྣམ་པའི་སྒོ་ནས་གཏམ་བཤད་སྤེལ་སྐབས་རྒྱ་རིགས་སློབ་ཕྲུག་འགའ་ཞིག་གིས་ཁ་གཏད་གཅོག་འགོ་ཡང་ཚུགས་ཡོད།

གཙུག་ལག་སློབ་ཆེན་གྱི་ཤེས་ལྡན་མི་སྣ་དང་། སྲིད་གཞུང་གི་ལས་བྱེད། དེ་བཞིན་ཁྲིམས་བཟོ་བ་དང་གསར་འགོད་པ་རྣམས་ཀྱིས་འབད་བརྩོན་ཆེར་བསྐྱེད་བྱེད་བཞིན་པའི་དབང་གིས་ཕྱི་ཕྱོགས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་དགོས་འདུན་སྒྲུབ་བཞིན་པའི་ཚོགས་པ་རྣམས་སྲུང་སྐྱོབ་བྱེད་པའི་ཡོལ་བ་སྲབ་མོ་དེ་ཕྱིར་བཤུ་བཞིན་ཡོད་པ་རེད། དེ་ནའང་རང་དབང་ལྡན་པའི་ཚོགས་སྡེ་ཁག་གི་ནང་རྒྱ་ནག་གི་ཕྱི་ཕྱོགས་ཀྱི་གནོན་ཤུགས་ཐེར་འདོན་དང་དེ་ནས་དེ་དག་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཆེ་བ་དེ་འགོ་ཚུགས་ཙམ་ཡིན་པ་རེད།

མ་ཡིག་གི་དྲ་ཐག http://tibet.net/2018/01/university-rejects-chinese-communist-party-linked-influence-efforts-on-campus/

བསྐྱར་བཅོས།: ༢༠༡༨/༠༡/༢༠

Leave a Reply

One thought on “རྒྱ་ནག་དམར་ཤོག་ཚོགས་པའི་གནོན་ཤུགས་དང་ཨ་རིའི་གཙུག་ལག་སློབ་ཆེན་གྱི་ལན་འདེབས།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཨ་རྒྱའི་ཁ་དམག་འཛམ་གླིང་རྒྱང་བལྟའི་འོག་།
    ཨ་རྒྱའི་ཁ་དམག་ཕྱོགས་གཉིས་མཁེ་ཕན་སྲུངས་།
    ཨ་རྒྱའི་ཁ་དམག་བྱང་ཀོར་གོ་སྐབས་སྦྱིན་།
    ཨ་རྒྱའི་ཁ་དམག་དུས་ཚོད་སྐྱེལ་བའི་ལམ་།