གསོལ་མགྲོན་ཁང་དུ་དམར་གསོད་བྱས།

ཨབ་གྷན་གྱི་རྒྱལ་སར་ཡོད་པའི་རྒྱལ་སྤྱི་རང་བཞིན་གྱི་གསོལ་མགྲོན་ཁང་ཆེན་མོ་ཞིག་ཏུ་དམར་གསོད་དོན་རྐྱེན་བྱུང་སྟེ་ཉུང་མཐར་མགྲོན་ཁང་གི་ལས་བྱེད་དང་མགྲོན་པོ་ ༡༩ བསད་ཡོད་འདུག

ཁ་སང་དགོང་མོར་ཨབ་གྷན་གྱི་རྒྱལ་ས་ཁཱ་བྷོལ་(Kabul)གྱི་རྒྱལ་སྤྱི་རང་བཞིན་གྱི་གསོལ་མགྲོན་ཁང་ཆེན་མོའི་ནང་མགྲོན་པོ་ཚོས་དགོང་ཟས་ལ་རོལ་བཞིན་པའི་སྐབས་དེར། གློ་བུར་དུ་མེ་མདའ་བཟུང་བའི་དྲག་སྤྱོད་པ་ ༣ བསླེབས་ཏེ་ཁོ་རང་ཚོ་ཚུད་པའི་ཉུང་མཐར་མི་གྲངས་ ༢༢ དམར་གསོད་བཏང་བ་དང་། མི་ཁག་ཅིག་ལ་རྨས་སྐྱོན་བཟོས། དེའི་ནང་དུ་ཡུ་ཁུ་རན་མཁའ་འགྲུལ་ཁང་གི་ལས་བྱེད་ ༦ དང་འཇར་མན་གྱི་མི་སེར་གཅིག ད་དུང་ངོ་རྟགས་མ་ཆོད་པའི་ཕྱི་རྒྱལ་བ་ཁག་ཅིག་ཀྱང་ཡོད་འདུག

དམར་གསོད་དོན་རྐྱེན་བཟོས་རྗེས། ཨབ་གྷན་ཛ་དྲག་མྱུར་སྐྱོབ་རུ་ཁག་དང་དམིགས་བསལ་ཉེན་རྟོག་པ་སོགས་ཡུལ་དངོས་སུ་བསླེབས་ཏེ། གསོལ་མགྲོན་ཁང་དེའི་ནང་དུ་ཡོད་པའི་མགྲོན་པོ་དང་ལས་བྱེད་སོགས་མི་གྲངས་ ༡༥༣ བསྐྱབས་ཡོད་པ་དང་། དེའི་ནང་དུ་ཕྱི་རྒྱལ་གྱི་མི་སེར་ ༤༡ ཡོད་འདུག

གསོལ་མགྲོན་ཁང་གི་སྤྱི་གཉེར་བ་སོགས་ཀྱིས། དྲག་སྤྱོད་པ་དེ་དག་ཐོག་རྩེག་དྲུག་པའི་ཐབ་ཚང་ནས་ནང་དུ་འཛུལ་ཡོད་པ་མ་ཟད། ཐབ་ཚང་གི་ལས་བྱེད་ཅིག་ལ་ཟ་མ་སྤྲོད་ཅེས་ལབ་སྟེ་ཟོས་ཚར་མ་ཐག་མཚོན་ཆ་བླངས་ཏེ་དམར་གསོད་བྱས་ཡོད་པ་དང་། དྲག་སྤྱོད་པ་གཅིག་གིས་ང་ནི་ཨབ་གྷན་གྱི་མི་ཡིན་ཞེས་སྐད་ཤུགས་ཆེན་པོས་བསྒྲགས་ཏེ། ཨབ་གྷན་གྱི་མི་ཚོ་མ་བསད་པར་ཕྱི་རྒྱལ་བ་ཚོ་གང་དུ་འདུག་ཅེས་ཚ་འདྲི་བྱས་ཡོད་པ་དང་། ད་ལན་དམར་གསོད་བཏང་བའི་མགྲོན་པོ་དང་གསོལ་མགྲོན་ཁང་གི་ལས་བྱེད་མང་ཆེ་བ་ཞིག་ཕྱི་རྒྱལ་གྱི་མི་ཡིན་སྐོར་བརྗོད་ཀྱི་འདུག

ཕྱི་ལོ་ ༢༠༡༡ ལོར་ཐ་ལི་བྷན་དྲག་སྤྱོད་ཚོགས་པས་གསོལ་མགྲོན་ཁང་དེ་ནི་དྲག་རྒོལ་གྱི་དམིགས་འབེན་མཐའ་མ་དེ་ཡིན་སྐོར་བརྗོད་ཡོད་པ་དང་། ཐེངས་འདིའི་དམར་གསོད་དོན་རྐྱེན་དེའང་ཁོ་ཚོས་བཀོད་སྒྲིག་བྱས་པ་ཡིན་ལུགས་བསྒྲགས་ཡོད་འདུག

བསྐྱར་བཅོས།: ༢༠༡༨/༠༡/༢༣

Leave a Reply