སྟོད་འགག་དང་སྟོད་འགག་སེར་པོ།

ཀླུ་སྨྱོན།

བོད་ཀྱི་གྲྭ་པའི་གྱོན་ཆས་ལ་རིགས་མི་འདྲ་བ་མང་པོ་ཞིག་ཡོད་ཀྱང་མདོར་བསྡུས་ན་སྟོད་འགག་དང་གཟན། ཤམ་ཐབས་དང་ཆུ་རས། ཆོས་གོས་དང་སྣམ་སྦྱར་བཅས་སྣ་ཁ་མི་འདྲ་བ་དྲུག་ཏུ་དབྱེ་ཆོག་ཅིང་། སྔོན་ཆད་བོད་ནང་དུ་གྲྭ་པ་མང་ཤོས་ཀྱིས་ཆུ་རས་ཀྱི་ནང་དུ་གུ་ཐུང་གྱོན་སྲོལ་མེད་ན་ཡང་། ཕྱིས་སུ་རྒྱ་བལ་དུ་ཆུ་རས་ནང་ངམ་ཡང་ན་ཆུ་རས་ཀྱི་ཚབ་ཏུ་གུ་ཐུང་གྱོན་སྲོལ་ཞིག་མི་མངོན་པའི་ཚུལ་དུ་དར་ཁྱབ་བྱུང་དང་འབྱུང་བཞིན་འདུག ཆུ་རས་ལ་མཚོན་ན་མདོ་སྨད་ཕྱོགས་སུ་རས་དཀར་པོའི་ཆུ་རས་ལ་རས་དམར་པོས་མཐའ་རྒྱན་བཙེམས་སྲོལ་འདུག་ཅིང་། རྒྱ་གར་དང་བལ་ཡུལ་དུ་ཆུ་རས་ཕལ་ཆེ་བ་རས་སེར་པོས་བཟོས་འདུག ཡིན་ན་ཡང་རྩོམ་ཐུང་འདིའི་ནང་དུ་གུ་ཐུང་དེ་རིགས་རེ་ཞིག་ཟུར་དུ་བཞག་སྟེ། སྟོད་འགག་དང་སྟོད་འགག་སེར་པོའིི་སྐོར་ཅུང་ཙམ་གླེང་འདོད་བྱུང་།

སྤྱིར་སྟོད་འགག་གི་རིགས་འདི་བོད་ལ་དུས་རབས་ནམ་ཞིག་གི་རིང་དར་ཁྱབ་བྱུང་ལུགས་བཤད་སྲོལ་མི་འདྲ་བ་འདུག་ཅིང་། ལ་ལས་བླ་ཆེན་དགོངས་པ་རབ་གསལ་གྱི་དུས་ཡིན་ཟེར་ལ། ལ་ལས་ས་སྐྱ་པཎ་ཌྀ་ཏའི་དུས་ཡིན་ཟེར། ཡང་ལ་ལས་རྗེ་ཙོང་ཁ་པའི་དུས་ནས་ཡིན་ཟེར། གང་ལྟར་སྟོད་འགག་འདིའི་བཟོ་ལྟ་ནི་གནའ་སྔ་མོའི་རྒྱ་ནག་དང་ཀོ་རི་ཡ་འཇར་པན་སོགས་ཀྱི་མི་ཆེན་ཚོའི་སྟོད་གོས་རིགས་ཤིག་དང་ཧ་ཅང་འདྲ་བོ་འདུག སྟོད་འགག་གི་ཕྲག་གླན་རིགས་སྣ་ཚོགས་ཤིག་ཡོད་པའི་ནང་ནས་སྟོད་འགག་རྒྱན་དྲུག་ཅེས་པའི་ཧ་ཅང་མཛེས་ཤིང་བརྗིད་པའི་སྟོད་འགག་ཅིག་བོད་ཀྱི་ཆོས་བརྒྱུད་ཁག་གི་ནང་དུ་དར་ཁྱབ་བྱུང་ཡོད་ལ། སྟོད་འགག་རྒྱན་དྲུག་གི་ཕྱི་གཡོགས་ཚང་མ་གོས་ཆེན་དང་སྣམ་ཕྲུག་ལས་གྲུབ་པ་ཞིག་ཡིན་པས་ལྗིད་ཁོག་ཀྱང་ཅུང་ཆེ་ཙམ་ཡོད། སྔོན་ཆད་སྟོད་འགག་རྒྱན་དྲུག་འདི་བླ་མ་སྤྲུལ་སྐུ་དང་གྲྭ་པ་ཕྱུག་པོ་ཚོའི་ཆས་གོས་ཤིག་ཡིན་པ་འདྲ་ཡང་། ཕྱིས་སུ་སྤྱི་ཚོགས་ལ་འགྱུར་ལྡོག་བྱུང་སྟེ་སྟོད་འགག་རྒྱན་དྲུག་ཀྱང་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་པ་འདྲ། ཡིན་ཡང་རྒྱ་གར་དང་བལ་ཡུལ་སོགས་སུ་གནམ་གཤིས་ཚ་བ་ཆེ་བའི་རྐྱེན་གྱིས་རྒྱན་དྲུག་ཕར་ཞོགས་ཕྲུག་གི་གོང་སྣམ་ཅན་གྱི་སྟོད་འགག་ཀྱང་གྱོན་མི་ཐུབ་པས། རྒྱ་བལ་དུ་སྟོད་འགག་འདིའི་རིགས་ཕལ་ཆེར་མཐོང་དཀོན་ཡང་། བལ་ཡུལ་དུ་ཚོང་ཁང་རེ་ཟུང་ནང་བཙོང་རྒྱུ་འདུག སྟོད་འགག་གི་ཕྲག་གླན་གྱི་ཁ་དོག་ལ་རིགས་བཞི་ཙམ་མཐོང་བ་ནི། སེར་པོ་དང་དམར་པོ། དམར་སྨུག་དང་སྔོན་པོ་བཅས་རེད། དེ་དག་ལས་དགེ་ལུགས་པ་དང་རྙིང་མའི་སྟོད་འགག་ཕྲག་གླན་སེར་པོ་ཤས་ཆེ་ཞིང་། ས་སྐྱ་པའི་དམར་པོ། བཀའ་བརྒྱུད་པའི་དམར་སྨུག་ཅུང་མང་པོ་འདུག བོད་ཀྱི་ཐང་ཀ་གསར་རྙིང་མང་པོ་ཞིག་གི་ངོས་སུ་འཇམ་མགོན་ས་པཎ་དང་ཀུན་མཁྱེན་ཀློང་ཆེན་པ། རྗེ་ཙོང་ཁ་པ་གསུམ་གྱིས་སྟོད་འགག་རྒྱན་དྲུག་མནབས་པ་འབྲི་སྲོལ་དར་ཁྱབ་ཆེན་པོ་འདུག་ཅིང་། ཐང་ཀ་ལ་ལའི་ངོས་སུ་ཁོང་རྣམ་པས་སྟོད་འགག་དཀྱུས་མ་དེ་འདྲ་མནབས་པ་བྲིས་འདུག་ཅིང་། མཚུངས་ཆོས་ཤིག་ནི་རྣམ་པ་གསུམ་ཀའི་སྟོད་འགག་གི་ཕྲག་གླན་སེར་པོ་འབྲི་སྲོལ་ཅུང་ཆེན་པོ་འདུག

འདིར་གླེང་བྱའི་སྟོད་འགག་སེར་པོ་དེ་དགེ་ལུགས་པར་མཚོན་ན་མདོ་སྨད་དང་ཁམས་ཕྱོགས་སུ་གྲྭ་པ་ཕལ་མོ་ཆེས་མནབས་སྲོལ་འདུག་ཅིང་། སྔོན་གྱི་གྲྭ་ས་སེ་འབྲས་དགེ་གསུམ་དང་རྒྱུད་གྲྭ་སྟོད་སྨད་སོགས་ཀྱི་ལུགས་སྲོལ་མ་ཤེས་ཀྱང་། དེང་སྐབས་རྒྱ་གར་དུ་ཡོད་པའི་སེ་འབྲས་དགེ་གསུམ་དུ་བླ་སྤྲུལ་དང་དགེ་བཤེས་ཐོན་པ་ཚོས་སྟོད་འགག་སེར་པོ་མནབས་སྲོལ་ཞིག་འདུག་ཅིང་། རྩེ་རྣམ་རྒྱལ་གྲྭ་ཚང་གི་གྲྭ་པ་ཚོས་སྟོད་འགག་སེར་པོ་མནབས་སྲོལ་འདུག བལ་ཡུལ་དུ་བླ་མ་བཟོད་པའི་ཀོ་པན་དགོན་པ་སོགས་དགེ་ལུགས་པའི་དགོན་པ་ཁག་གི་གྲྭ་པ་མང་པོ་ཞིག་གིས་ཀྱང་སྟོད་འགག་སེར་པོ་མནབས་འདུག

རྒྱ་གར་རྣམ་གྲོལ་གླིང་གི་གྲྭ་པ་མང་ཤོས་ཀྱིས་རས་སེར་པོ་ཡུག་གཅིག་གིས་བཟོས་པའི་སྟོད་འགག་གམ་སྟོད་གོས་ཤིག་མནབས་སྲོལ་འདུག་ཅིང་། ལ་ལས་དགེ་ལུགས་སོགས་ཀྱིས་མནབས་པའི་སྟོད་འགག་སེར་པོ་ཞིག་མནབས་འདུག བལ་ཡུལ་ཞེ་ཆེན་དགོན་སོགས་རྙིང་དགོན་གྱི་མཁན་གྲྭ་སྐོར་ཞིག་གིས་སྟོད་འགག་སེར་པོ་ཞིག་མནབས་ཡོད་ལ། བཀའ་རྙིང་གང་གི་ཁོངས་གཏོགས་ཡིན་མིན་མ་ཤེས་ཀྱང་། འབྲུག་ཡུལ་དུ་དགེ་འདུན་པ་ཚོས་སྟོད་འགག་ཕྲག་གླན་སེར་པོ་ཡིན་པ་འདི་མནབས་སྲོལ་ཆེན་པོ་ཞིག་འདུག དེ་བཞིན་བོད་ཕྱི་ནང་གི་བོན་པོ་ཕལ་མོ་ཆེའི་སྟོད་འགག་གི་ཕྲག་གླན་སྔོན་པོ་ཡིན་ཡང་། བོན་གྱི་གྲྭ་པ་མང་པོ་ཞིག་གིས་ཕྲག་གླན་སེར་པོ་ཡོད་པའི་སྟོད་འགག་འདི་མནབས་འདུག

སྤྱིར་ན་བོད་པའི་གྲྭ་ཆས་འདི་གྱོན་ཕྱིན་ཆད་མི་དེའི་ལུས་ལ་རང་བཞིན་གྱིས་གཟི་བྱིན་ཞིག་བསྣན་ཡོང་བ་དང་། ཁྱད་པར་དུ་སྟོད་འགག་སེར་པོ་འདི་གྱོན་ཚེ་གྲྭ་བཙུན་དེའི་ལུས་ལས་མི་མངོན་པའི་ཞི་བདེའི་གཟི་འོད་ཅིག་འཕྲོ་བཞིན་ཡོད། ཡིན་ཡང་ཨ་རི་སོགས་ཕྱི་རྒྱལ་ཁག་ཏུ་དོལ་རྒྱལ་བ་ཚོས་སྟོད་འགག་སེར་པོ་འདི་གྱོན་ནས་གོང་ས་མཆོག་ལ་ངོ་རྒོལ་བྱེད་ཐེངས་མང་པས། ཕྱི་གླིང་པ་སྟོད་འགག་སེར་པོ་གྱོན་པ་ཞིག་མཐོང་ཚེ་རྣམ་རྟོག་སྐྱེ་དགོས་པའི་དུས་ཤིག་ཀྱང་ཤར་མྱོང་བ་མིན་ནམ།

གང་ལྟར་སྟོད་འགག་སེར་པོ་འདིས་སྟོན་པ་ཐུབ་པའི་དབང་པོའི་བསྟན་པ་ད་དུང་ས་སྟེང་འདིར་གནས་ཡོད་པའི་བརྡ་རྟགས་ཧ་ཅང་གསལ་བོ་ཞིག་བསྟན་དང་སྟོན་བཞིན་ཡོད་པ་དང་། ནམ་ཞིག་གི་ཚེ་བ་གླང་གི་ཀོ་བ་སེར་པོ་རེས་སྟོད་གོས་ཀྱི་ཕྲག་པ་གཡོགས་ནས་ང་ནི་སྟོན་པའི་རྗེས་སུ་འཇུག་པའོ་ཞེས་བརྗོད་དགོས་པའི་དུས་ཤིག་ཀྱང་འཆར་རྒྱུ་ཡིན་ཞིང་། དུས་རབས་དེའི་མིང་ལ་རྟགས་ཙམ་འཛིན་པའི་ལེའུ་ཞེས་གནས་སྔ་མོ་ནས་ནང་བསྟན་གྱི་ལོ་རྒྱུས་ཡིག་ཚང་དུ་ཧ་ཅང་གསལ་བོར་གསུངས་ཡོད།

བསྐྱར་བཅོས།: ༢༠༡༨/༠༡/༢༣

Leave a Reply

3 thoughts on “སྟོད་འགག་དང་སྟོད་འགག་སེར་པོ།

  1. བློ་བཟང་དོན་གྲུབ

    སྒོམ་སྡེ་ལྷ་རམས་པ།

    སྟོད་འགག སྟོད་འགག་ནི། ༸གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོས་ཕྱི་ལོ་༢༠༠༨-༦-ཚེས-༦དང༧ལ་དྷ་སྟེང་བོད་ཁྱིམ་སློབ་གྲྭར་བོད་ཀྱི་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཀྱི་གསུང་ཆོས་བཀའ་དྲིན་ཆེ་སྐབས། སྟོད་འགག་འདི་བཞིན་མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་དུས་བྱུང་བ་རེད་ཅེས་བཤད་མཁན་འདུག་ཅེས་གསུངས། དེ་ཡང་མཁན་ཆེན་ཞི་བ་འཚོ་རྒྱ་གར་ཚ་བའི་ཡུལ་ནས་བོད་གནམ་གཤིས་གྲང་ངར་ཆེ་བའི་ནང་ཕེབས་སྐབས་སྐུ་བསིལ་ནས་གདིང་བ་མནབས་པས། འདིང་བའི་ཟུར་དེ་སྟོད་འགག་ཀྱི་ཟུར་དེ་རེད་ཅེས་བཤད་སྲོལ་འདུག་ཅེས་བཀའ་བསྩལ། ཡང་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱི་རྒྱལ་རབས་ནང་། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ཡན་གྱི་བྲིས་ཆ་རྙིང་པ་རྣམས་སུ་མེད་པས་དེ་ཙམ་ནས་སྟོད་འགག་བཞེས་པའི་སྲོལ་བྱུང་བ་མིན་ནམ་སྙམ། ཞེས་གསུངས་། སྟོད་འགག་གི་འགྲེལ་བཤད་ནི་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཚོགས་གཏམ་ཆེན་མོའི་ནང་འདི་ལྟར་གསལ། སྟོད་འགག་ལ་སེངྒེ་དཔུང་པ་མེད་པ་མ་ཡིན་པ། གླང་ཆེན་མཆེ་བ་མེད་པ་མ་ཡིན་པ། ཁྲིས་སྐུད་སྔོན་པོ་མེད་པ་མ་ཡིན་པ་ཞིག་དགོས། སེངྒེའི་དཔུང་པ་ནི་ཉོན་མོངས་པ་དང་འཆལ་ཚུལ་གྱི་ཉེས་པས་མ་གོས་ཤིང་འཁོར་ཚོགས་ཀྱི་དབུས་སུ་མི་འཇིགས་ཤིང་བག་མི་ཚ་བའི་སེངྒེ་ལྟ་བུའི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་མཚོན་དོན་དང་། གླང་ཆེན་མཆེ་བ་ནི་མི་རྟག་པའི་མཚོན་དོན་ཏེ། དེ་ཡང་སྟོད་འགག་གྱོན་རེས་བཞིན་འཆི་བདག་གཤིན་རྗེའི་ཁར་ཚུད་ནས་ཡོད་སྙམ་དུ་བསམས་ནས། འཆི་བ་དྲན་པའི་ཆེད་དུ་ཡིན། དེ་ཡང་སྟོད་འགག་གི་རྒྱབ་ལ་ཞིབ་ཏུ་བལྟས་ན་གླང་ཆེན་གྱི་མཆེ་བ་འདྲ་བ་གཉིས་མཐོང་རྒྱུ་ཡོད། ཁྲིས་སྐུད་སྔོན་པོ་ནི་རྒྱ་ནག་གི་ཧ་ཤང་གི་བཀའ་དྲིན་དྲན་པའི་ཆེད་དུ་ཡིན། དེའི་ལོ་རྒྱུས་ནི། སྔོན་གླང་དར་གྱིས་བསྟན་པ་བསྣུབས་རྗེས། དམར་(ཤཱཀྱ་མུ་ནེ) གཡོ་(གཡོ་དགེ་བྱུང) གཙང་(གཙང་རབ་གསལ)གསུམ་གྱིས་དགེ་བ་རབ་གསལ་ལམ་དུས་ཕྱིས་བླ་ཆེན་དགོངས་པ་རབ་གསལ་དུ་གྲགས་པ་དེ་ཉིད་དགེ་ཚུལ་དུ་བསྒྲུབས། བསྙེན་རྫོགས་སུ་བསྒྲུབ་པར་བཞེད་པ་ན་ཁ་སྐོང་གི་གྲངས་མ་ཚང་བས། ལྷ་ལུང་དཔལ་གྱི་རྡོ་རྗེས་བཙལ་ཏེ། རྒྱ་ནག་གི་ཧ་ཤང་ཀེ་བང་དང་། གྱི་བན་བྱ་བ་གཉིས་རྙེད་དེ་ཁོང་གཉིས་ཀྱིས་ཁ་སྐོང་མཛད་དེ་ལྔ་ཚོགས་ཀྱི་སྒོ་ནས་བསྙེན་པར་རྫོགས། དེ་ནས་བཟུང་བོད་ཀྱི་ཡུལ་དུ་དགེ་སློང་གི་སྡོམ་རྒྱུན་སླར་ཡང་དར་བ་ཡིན་པས། དེའི་བཀའ་དྲིན་རྗེས་སུ་དྲན་པའི་ཆེད་དུ་རྒྱའི་ཧ་ཤང་གི་ན་བཟའི་ཁ་དོག་དང་མཚུངས་པའི་ཁྲིས་སྐུད་སྔོན་པོ་བྱེད་པའི་སྲོལ་དར་བ་ཡིན། བླ་སྤྲུལ་དང་གྲྭ་ཚང་གི་ཆོས་མཛད་སོགས་ཀྱི་སྐུ་འགག་རྒྱབ་ཤ་མཐེར་འདྲ་མ་བསླན་ཆོག་པ་དང་། དེ་མིན་ཚང་མའི་སྤུ་ཕྲུག་གི་སྐུ་འགག་གམ། ཡང་ན་སྟོད་འགག་གོང་དཔུང་(གོང་བ་དང་དཔུང་པ)དམར་པོ་ལ་གྲྭ་ལྷན་སེར་པོ་རྒྱུད་སྨད་གྲྭ་ཚང་གི་སྐུ་འགག་ལྟར་མནབ་ཆོག་པ་བཅས་སོ། །སྟོད་འགག་ནི་སྒྲ་བཤད་ནི། ལུས་ཀྱི་སྟོད་ལ་གྱོན་རྒྱུའི་ན་བཟའ་ཡིན་པས་སྟོད་འགག་ཅེས་བྱའོ། །དེ་ཡང་སྟོད་ནི་ལུས་ཀྱི་སྟོད་དང་འགག་ནི་གྱོན་པའི་དོན་དུ་ཡུལ་སྐད་འགར་ཐོས་སོ། །།
    ཆུ་རས་ཟེར་བ་རབ་བྱུང་གི་ཡོ་བྱེད་ནང་ལ་མ་ཐོས་ལ་དེའི་ནང་ནས་མདོག་དཀར་རབ་བྱུང་བས་སྤྱོད་མི་རུང་བ་ཡི།

  2. བསོད་ནམས་རྡོ་རྗེ།

    ཆུ་རས་གང་ནས་སླེབས་པ་རེད་དམ། རྔུལ་ལེན་དང་སྨད་གཡོགས་སོགས་གང་དུ་ཕྱིན་པ་རེད་དམ།

    1. གྲྭ་ལྭ་ཡི་ཆུ་རས་འདི་ཨ་ཁུ་ཀླུ་སྨྱོན་གྱི་གསར་གཏོད་རེད། ད་དུང་ཆུ་རས་ནང་གུ་ཐུང་གྱོན་སྲོལ་འདི་རྦད་དེ་ཆེས་གསར་གཏོད་རེད་ཡ། ད་ཨ་ཁུ་ཀླུ་སྨྱོན་གྱིས་གྲྭ་ལྭ་རྦད་དེ་བརྗེད་སོང་བ་འདྲ།