བོད་རིགས་དགེ་རྒན་གསུམ་ལ་བྱ་དགའ་ཐོབ།

གྲོང་གསེབ་ཀྱི་བོད་རིགས་དགེ་རྒན་གསུམ་ལ་རྒྱ་ནག་རྒྱལ་ཡོངས་གྲོང་གསེབ་ཀྱི་དགེ་རྒན་བྱ་དགའ་ཐོབ་སྟེ་རྒྱ་སྒོར་ཁྲི་ ༡༠ རེ་དང་མ་འོངས་ལོ་གསུམ་ནང་དགེ་རྒན་ཆེད་ལས་ཡར་རྒྱས་གཏོང་བར་རོགས་རམ་ཐོབ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༡ ཉིན་རྒྱ་ནག་གི་ཕྱུག་བདག་ཆེན་མོ་མཱ་ཡེན་གྱིས་ཕྱི་ལོ་༢༠༡༧ ལོའི་གྲོང་གསེབ་དགེ་རྒན་གྱི་བྱ་དགའ་ཞེས་པ་རྒྱ་ནག་ཧའེ་ནན་ཞིང་ཆེན་གྱི་སན་ཡཱ་གྲོང་ཁྱེར་དུ་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་རྒྱ་ནག་རྒྱལ་ཡོངས་ནས་བྱས་རྗེས་ཅན་གྱི་ཁྱོན་གྲོང་གསེབ་ཀྱི་དགེ་རྒན་ ༡༠༠ བདམས་ཐོན་བྱུང་སྟེ། མི་རེར་རྒྱ་སྒོར་ཁྲི་ ༡༠ དང་མ་འོངས་ལོ་གསུམ་གྱི་རོགས་སྐྱོར་བྱ་དགའ་ཐོབ་པའི་ནང་བོད་རིགས་དགེ་རྒན་གསུམ་ཡང་ཡོད་འདུག

བྱ་དགའ་ཐོབ་མཁན་གྱི་བོད་རིགས་དགེ་རྒན་གསུམ་ནི་གཞིས་ཀ་རྩེ་རིན་སྤུངས་རྫོང་ཕུ་གསུམ་གྲོང་ཚོ་ལྟེ་བའི་སློབ་ཆུང་གི་དགེ་རྒན་བསྟན་འཛིན་དཔའ་མོ་ལགས་དང་། ཆབ་མདོ་སྨན་མདའ་གྲོང་ཚོ་ལྟེ་བའི་སློབ་ཆུང་གི་སློབ་སྤྱི་དང་དགེ་རྒན་ཕུན་ཚོགས་ཚེ་རིང་ལགས། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་འཁོར་ཆེན་གྲོང་ཚོ་ལྟེ་བའི་སློབ་ཆུང་དགེ་རྒན་དང་སློབ་སྤྱི་རྡོ་རྗེ་རྒྱ་མཚོ་ལགས་བཅས་ཡིན་འདུག

དགེ་རྒན་དེ་རྣམས་ནི་ལོ་མང་རིང་གྲོང་གསེབ་ཁག་ཏུ་སློབ་གསོའི་ལས་དོན་བསྒྲུབས་ཏེ་ལོ་ ༩ ནས་ ༢༢ ལྷག་ཕྱིན་ཡོད་པ་རྐྱང་རྐྱང་ཡིན་པ་དང་། ཁོང་རྣམ་པར་དེ་སྔོན་རྫོང་དང་ཞིང་ཆེན་གྱི་ཕུལ་བྱུང་སློབ་སྤྱི་དང་དགེ་རྒན། སློབ་ཁྲིད་གནང་མཁན་ཡག་ཤོས་སོགས་ཀྱི་གཟེངས་རྟགས་ཀྱང་ཐོབ་མྱོང་ཡོད་འདུག

མཛད་སྒོའི་ཐོག་དགེ་རྒན་རྡོ་རྗེ་རྒྱ་མཚོ་ལགས་ཀྱིས། ང་རང་གི་ལས་ཀ་ནི་སྤྱིར་བཏང་པ་ཞིག་ཡིན་མོད། ཡིན་ནའང་ང་རང་གིས་གྲོང་གསེབ་ཀྱི་སློབ་གསོའི་ལས་ཀ་སྒྲུབ་རིང་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱུང་ཡོད། ཞིང་འབྲོག་ཁུལ་གྱི་ཕྲུ་གུ་གྲངས་ལས་འདས་པས་ཤེས་བྱ་དང་རིག་གནས་སྦྱོང་ཐུབ་པ་དང་། མི་བཟང་པོ་ཞིག་བྱས་ཏེ་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པའི་མི་ཞིག་བྱེད་དགོས་དོན་ཤེས་པའི་སྐབས་དེ་ནི་ང་རང་ལ་བདེ་སྐྱིད་ཆེ་ཤོས་དང་ཐོབ་པ་མང་ཤོས། དགའ་སྤྲོ་ཆེ་ཤོས་ཡིན། ཞེས་བརྗོད་འདུག

གྲོང་གསེབ་དགེ་རྒན་གྱི་བྱ་དགའ་དེ་ནི་ཕྱི་༢༠༡༦ ལོར་མཱ་ཡེན་ཨ་ལེ་བྷ་བྷ་སྤྱི་གཉེར་ཁང་གིས་གསར་འཛུགས་བྱས་པ་ཡིན་པ་དང་། ༢༠༡༧ ལོ་ནས་རྒྱ་ནག་རྒྱལ་ཡོངས་ཀྱི་ཞེིང་ཆེན་དང་གྲོང་ཁྱེར་རང་སྐྱོང་ལྗོངས་ ༣༡ གི་གྲོང་གསེབ་དགེ་རྒན་སློབ་གསོའི་ལས་དོན་ལ་བྱས་རྗེས་ཡོད་མཁན་དང་ཡུན་རིང་སློབ་གསོ་སྐྱོང་མྱོང་མཁན་ ༡༠༠ ལ་རོགས་དངུལ་ཁྲི་ ༡༠ རེ་དང་། མ་འོངས་ལོ་གསུམ་ནང་རྒྱུན་མཐུད་ཀྱིས་དགེ་རྒན་ཆེད་ལས་ཡར་རྒྱས་གཏོང་ཆེད་བཅས་ཁྱོན་བསྡོམས་རྒྱ་སྒོར་ས་ཡ་གཅིག་གི་རོགས་སྐྱོར་བྱེད་ཀྱི་ཡོད་འདུག

མཱ་ཡེན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་གྱིས་གྲོང་གསེབ་ཁག་གི་སློབ་གསོ་གོང་སྤེལ་ཆེད། མཱ་ཡེན་གྲོང་གསེབ་སློབ་གྲྭའི་སློབ་གཙོའི་འཆར་གཞི་དང་མཱ་ཡེན་གྲོང་གསེབ་ཀྱི་དགེ་འོས་སློབ་མའི་འཆར་གཞི་ཟེར་བའི་ལས་འཆར་གཉིས་ཡོངས་བསྒྲགས་བྱས་ཡོད་པ་དང་། ལས་གཞི་དེ་གཉིས་ལ་ལོ་ ༡༠ ནང་མ་དངུལ་རྒྱ་སྒོར་དུང་ཕྱུར་ ༢ རེ་གཏོང་འཆར་ཡོད་འདུག

འདི་ལོའི་འཛམ་གླིང་དཔལ་འབྱོར་གཤིབ་སྡུར་གྱི་བསྡོམས་རྩིས་ལྟར་ན། རྒྱ་ནག་གི་ཕྱུག་བདག་ཆེན་མོ་མཱ་ཡེན་ལ་མ་གནས་ཨ་སྒོར་དུང་ཕྱུར་ ༤༧ ལྷག་ཡོད་པ་དང་། ཁོང་ནི་འཛམ་གླིང་གི་བདག་ཕྱུག་ཨང་རིམ་ ༥༠ པ་དང་། རྒྱ་ནག་དང་ཨེ་ཤ་ཡའི་ཕྱུག་ཤོས་ཀྱི་ཁེ་ལས་ཚོང་གཉེར་བ་ཞིག་ཡིན་འདུག ཁོང་ནི་ཀྲི་ཅང་ཞིང་ཆེན་གྱི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཡོད་པ་དང་། རང་ཉིད་ཀྱི་ལྷན་སྐྱེས་ཀྱི་རིག་སྟོབས་དང་འབད་བརྩོན་སྡུག་རུས་ལ་བརྟེན་ནས་འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་དྲ་ཐོག་ཚོང་གཉེར་ཁང་ཨ་ལི་བྷ་བྷ་སྤྱི་གཉེར་ཁང་ཆེན་མོའི་གཙོས་ཚོང་གཉེར་ཁང་ཁག་ཅིག་བཙུགས་ཡོད་འདུག

ཕྱུག་བདག་མཱ་ཡེན་གྱི་འབྲེལ་ཡོད་གནས་ཚུལ། http://tibettimes.net/2017/08/04/161618/

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༡/༢༤

Leave a Reply