ཨ་རིའི་སྲིད་འཛིན་གྱིས་འདྲི་ཞིབ་དང་ལེན་བྱ་རྒྱུ་ཡིན་ཟེར།

སྲིད་འཛིན་ཊོམ་ཕུས་ཨུ་རུ་སུར་གསང་འབྲེལ་བྱས་ཡོད་པའི་དོགས་གཞིའི་ཐད་ཨ་རིའི་དམིགས་བསལ་ཁྲིམས་ཞིབ་དཔོན་གྱིས་ཁོ་རང་ལ་འདྲི་ཞིབ་བྱེད་པར་གྲ་སྒྲིག་ཡོད་སྐོར་བརྗོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ  ༢༠༡༦ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུར་ཨུ་རུ་སུ་གཞུང་གིས་ཐེ་གཏོགས་བྱས་ཡོད་སྐོར་གྱི་དོགས་གཞི་ཆེན་པོ་བྱེད་ཀྱི་ཡོད་པ་ལྟར། ཁ་སང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཕུས་ཨུ་རུ་སུ་དང་མཉམ་འབྲེལ་གྱིས་ཨ་རིའི་སྲིད་འཛིན་འོས་བསྡུར་གཡོ་ཁྲམ་གང་ཡང་བྱས་མེད་ལ། མ་འོངས་བདུན་ཕྲག་གཅིག་གཉིས་ཀྱི་ནང་ཚུད་དུ་ཨ་རིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དམིགས་བསལ་ཁྲིམས་ཞིབ་དཔོན་སྐུ་ཞབས་རོ་བྷར་ཊི་མོྰ་ལར་ལགས་ཀྱི་འདྲི་ཞིབ་དང་ལེན་བྱས་ཏེ་མནའ་སྐྱེལ་དམ་བཅའ་འཇོག་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

བདུན་ཕྲག་སྔོན་མའི་ནང་ཨ་རིའི་དམིགས་བསལ་ཁྲིམས་དཔོན་ཆེན་མོ་རོ་བྷར་ཊོ་མྰོ་ལར་ལགས་ཀྱིས་ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཟུར་བ་ཇེམ་སུ་ཁོ་མྰེ་(James Comey)དང་། ཨ་རིའི་སྤྱི་ཁྱབ་ཁྲིམས་རྩོད་པ་ཇེ་ཧྥོ་སི་ཟན་ཞན་(Jeff Sessions)གཉིས་ལ་འདྲི་ཞིབ་བྱས་རྗེས།  ཁོས་སྲིད་འཛིན་ཊོམ་ཕུར་འདྲི་ཞིབ་བྱ་འདོད་ཡོད་སྐོར་བརྗོད་ཡོད་པ་རེད།

དེ་ཡང་སྲིད་འཛིན་ཊོམ་ཕུས་འདྲི་ཞིབ་དང་ལེན་བྱ་རྒྱུ་ཡིན་སྐོར་བསྒྲགས་སྐབས། དམིགས་བསལ་ཁྲིམས་ཞིབ་པས་འདྲི་ཞིབ་བྱེད་པར་གྲ་སྒྲིག་ཡོད་པ་མ་ཟད།  དེ་སྔོན་ངས་ཨུ་རུ་སུར་གསང་བའི་འབྲེལ་བ་བྱས་ཏེ་འོས་བསྡུར་ཐེ་གཏོགས་བྱས་པ་དེ་འདྲ་གང་ཡང་མེད་སྟབས། སྔོན་ཆད་ཁོས་འདྲི་ཞིབ་དང་ལེན་བྱེད་རྩིས་མེད་སྐོར་དང་། ཨ་རིའི་ཆབ་སྲིད་པ་ཁག་ཅིག་གིས་གནད་དོན་དེ་ཕྱིར་བསྒྲགས་བྱས་ནས་མི་མང་པོ་ཞིག་ལ་མགོ་སྐོར་ཐེབས་ཡོད་སྐོར་སོགས་བརྗོད་འདུག

ཕོ་བྲང་དཀར་པོའི་ཁྲིམས་རྩོད་པ་ཁོ་བྷེ་(Ty Cobb)ལགས་ཀྱིས། སྲིད་འཛིན་ཊོམ་ཕུ་སྒེར་གྱི་ཁྲིམས་རྩོད་པ་དང་དམིགས་བསལ་ཁྲིམས་ཞིབ་མྰོ་ལར་ལགས་ཕྱོགས་གཉིས་ནས་འདྲི་ཞིབ་ཀྱི་འཆར་གཞི་བཟོ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། ད་ལྟ་སྲིད་འཛིན་ཊིམ་ཕུ་སུད་སིར་བསྡུས་པའི་རྒྱལ་སྤྱིའི་དཔལ་འབྱོར་གླེང་རྟགས་ཚོགས་ཆེན་ཐོག་ཕེབས་ཡོད་འདུག

ཉེ་སྔོན་ཁྲིམས་ཞིབ་དཔོན་མྰོ་ལར་ལགས་ཀྱིས་སྲིད་འཛིན་ཊོམ་ཕུའི་བདེ་འཇགས་སློབ་སྟོན་པ་ཟུར་པ་སྐུ་ཞབས་མ་ཁེལ་ཧྥི་ལེན་ལགས་སུ་འདྲི་ཞིབ་བྱས་སྐབས།  སྐུ་ཞབས་ཧྥི་ལེན་ལགས་ནས་ཕྱི་ལོ་ ༢༠༡༦ ལོར་ཨུ་རུ་སུའི་གཞུང་ཚབ་གཙོས་མི་སྣ་ཁག་ཅིག་དང་ལྷན་དུ་ཁྲིམས་འགལ་ཐོག་འབྲེལ་བ་བྱས་པ་ངོས་ལེན་བྱས་ཏེ། ཨ་རིའི་སྲིད་འཛིན་གྱི་འོས་བསྡུར་ཨུ་རུ་སུས་ཐེ་གཏོགས་བྱས་ཡོད་སྐོར་གྱི་གསང་བ་ཁག་ཅིག་ཕྱིར་ཐོན་ཡོད་ཀྱང་།  སྲིད་འཛིན་ཊོམ་ཕུས་གནད་དོན་དེ་གཏན་ནས་ཁས་ལེན་བྱེད་ཀྱི་མེད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༡/༢༦

Leave a Reply

2 thoughts on “ཨ་རིའི་སྲིད་འཛིན་གྱིས་འདྲི་ཞིབ་དང་ལེན་བྱ་རྒྱུ་ཡིན་ཟེར།

  1. ༄༅། དམངས་གཙོའི་ལམ་ལུགས་འགན་འཛིན་པ་ཚོར་ཡང་ནས་ཡང་དུ་བསྐྱར་ཞིབ་དང་དཔྱད་ཞིབ་བྱ་དགོས་
    པ་ལས་ལམ་སེང་ཡག་པོ་རེད་ཅེས་བསྟོད་བསྔགས་ནམ་ཡང་བྱེད་རྒྱུ་ཡོད་པ་མ་རེད།
    ཆབ་སྲིད་པ་ཚོ་ནི་སྒེར་གྱི་ཁེ་དབང་ཆེད་ལས་དོན་བྱེད་པ་ལས་དེ་མིན་གང་ཡང་ཡོད་པ་མ་རེད།