ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ལ་རྙིང་མའི་ཁྲི་རབས་བདུན་པའི་མཚན་གསོལ།

གནས་མཆོག་རྡོ་རྗེ་གདན་དུ་ཚོགས་པའི་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༢༩ པའི་ཐོག དཔལ་རྒྱལ་བ་ཀཿཐོག་པའི་བླ་ཆེན་སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ལ་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པའི་མཚན་གནས་ཞལ་བཞེས་ལེགས་ཐོབ་བྱུང་ཡོད་འདུགཕྱི་ལོ་༢༠༡༥ ཟླ་༡༢ པའི་ཚེས་༢༤ཉིན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དགོངས་པ་རྫོགས་རྗེས་རྙིང་མའི་ཆོས་བརྒྱུད་ཀྱི་དབུ་འཛིན་ཐུགས་གཏན་འཁེལ་ཐུབ་མེད་སྟབས། ད་ལན་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་བླ་ཆེན་ཁག་དང་། སྐུ་ཚབ་བཅས་ལྷན་འཛོམས་སར་སྔ་འགྱུར་རྙིང་མའི་དབུ་འཛིན་ཕེབས་ཕྱོགས་སྐོར་གོ་བསྡུར་ཐག་ཆོད་བྱུང་བ་བཞིན། རྙིང་མའི་མ་དགོན་དྲུག་སྟེ་ཀཿཐོག་དང་། རྫོགས་ཆེན། ཞེ་ཆེན། སྨིན་གྲོལ་གླིང་། རྡོ་རྗེ་བྲག དཔལ་ཡུལ་བཅས་ཀྱི་བླ་ཆེན་ཁག་རིམ་པས་དབུ་འཛིན་གྱི་མཚན་གནས་ལོ་གསུམ་རེར་རེས་མོས་ཀྱིས་བཞེས་གནང་རྒྱུའི་ཐག་ཆོད་བྱུང་ཡོད་འདུག

ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༥༤ ལོར་མགོ་ལོག་རྡོ་ཡུལ་མཁར་ནང་གོང་མའི་ལྷ་ཁང་སུམ་མདོ་རུ་ཡབ་བློ་ལྡན་ཕུན་ཚོགས་དང་། ཡུམ་ཆོས་འཕགས་སྒྲོལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ་མཆོག་དང་། རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག ཀརྨ་པ་རིག་པའི་རྡོ་རྗེ་མཆོག་སོགས་ནས་ངོས་འཛིན་གནང་བ་བཞིན་ཤར་རྒྱལ་བ་ཀཿཐོག་དགོན་དུ་ཕྱི་ལོ་ ༡༩༨༠ ལོར་ཁྲི་འདོན་མཛད་སྒོ་གནང་ཡོད་འདུག

ཕྱི་ལོ་ ༡༩༩༧ ལོར་འཕགས་ཡུལ་དུ་ཕེབས་འབྱོར་རྗེས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ། སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་སོགས་ཀྱི་མདུན་ནས་དབང་ལུང་གདམས་ངག་མང་པོ་ཞུས་གནང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༡/༢༥

Leave a Reply