བོད་ཀྱི་སྟག་ཤར་ཞིག་གིས་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་བྱས།

ཕྱི་ལོ་ ༢༠༡༦ ལོའི་ཁ་ན་ཌའི་བོད་ཀྱི་སྟག་ཤར་སངས་རྒྱས་སྐྱབས་ལགས་ཀྱིས་ཊོ་རོན་ཊོར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༧ དང་ ༢༤ སྟེ་ས་གནས་དེའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བླ་གཟའ་དང་བསྟུན། ཁ་ན་ཌའི་བོད་ཀྱི་སྟག་ཤར་ཨང་དང་པོ་ཐོབ་མཁན་སངས་རྒྱས་སྐྱབས་ལགས་ཀྱིས་ཊོ་རིན་ཊོར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ། བོད་དོན་ཆེད་རང་ལུས་མེ་སྲེག་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། རྒྱ་ནག་གཞུང་གི་བཙོན་འོག་ཏུ་མནར་གཅོད་མྱངས་དང་མྱོང་བཞིན་པའི་བོད་རིགས་བཙོན་པ་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་འདུག་ལ། ཁོང་གིས་མུ་མཐུད་བོད་དོན་ཆེད་ལས་འགུལ་སྤེལ་རྒྱུ་ཡིན་འདུག

ཁོང་གིས་འདི་གའི་གསར་འགོད་པར། ཕྱི་ལོ་ ༢༠༡༦ ལོར་ཁ་ན་ཌ་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་གནང་བའི་ས་གནས་བོད་རིགས་ཀྱི་སྟག་ཤར་འགྲན་བསྡུར་ཁྲོད་ཁོང་ལ་ཨང་དང་པོ་ཐོབ་ཡོད་པ་དང་། བོད་ཀྱི་སྟག་ཤར་གྱི་མཚན་གནས་འདི་བེད་སྤྱད་དེ་རང་ནུས་གང་ཡོད་ཀྱིས་འཛམ་གླིང་ནང་བོད་དོན་དྲིལ་བསྒྲགས་དང་། བོད་དོན་ཆེད་གཞིས་བྱེས་གཉིས་ནས་རང་ལུས་མེར་སྲེག་གནང་མཁན་ ༡༦༠ མ་ཟིན་ཙམ་བྱུང་བ་དང་། རྒྱ་ནག་གཞུང་གི་བཙོན་འོག་ཏུ་མནར་གཅོད་མྱོང་མཁན་ཉེས་མེད་བོད་མི་ཚོའི་དངོས་ཡོད་གནས་སྟངས་རྒྱལ་སྤྱིའི་སྒང་ལ་དྲིལ་བསྒྲགས་བྱེད་ཐུབ་པའི་ཆེད་དུ་ཡིན། ཞེས་བརྗོད་བྱུང་།

ཐེངས་དང་པོར་བོད་དོན་ལས་འགུལ་དེ་འདྲ་ཞིག་སྤེལ་སྐབས་ཚོར་སྣང་ག་འདྲ་བྱུང་བ་དང་ལས་འགུལ་འདི་རིགས་ཀྱིས་བོད་དོན་དྲིལ་བསྒྲགས་ལ་ཕན་ཐོགས་ཅི་ཙམ་ཡོང་ཐུབ་ས་རེད་ཅེས་དྲིས་པར་ཁོང་གིས། ང་རང་ལ་མཚོན་ན་སྔོན་ཆད་རྒྱ་གར་ན་ཡོད་སྐབས་མ་རབས་ཀྱི་ལས་ཀ་འདྲ་མིན་བྱས་འདུག་མཁན་ཞིག་ཡིན་མོད། རྗེས་སུ་ཁ་ན་ཌར་སླེབས་རྗེས་མི་རིགས་འདྲ་མིན་དང་ཐུག་རྒྱུ་བྱུང་བ་དེས། རང་ཉིད་ལ་སློབ་སྦྱོང་ཡག་པོ་ཞིག་དང་མི་ཚེའི་ནང་བོད་དོན་ཆེད་ལས་ཀ་ཞིག་བྱ་དགོས་བསམ་པའི་ཚོར་བ་ཆེན་པོ་བྱུང་། ད་ལན་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་སྐབས་ཕར་འགྲོ་ཚུར་འོང་བྱེད་མཁན་མི་ཚོགས་ཆེན་པོ་ཞིག་གི་མདུན་ནས་ལངས་སྐབས། ང་ཚོར་སོ་སོར་དབང་བའི་རྒྱལ་ཁབ་ཅིག་མེད་པ་འདི་ལ་དཀའ་ལས་འདུག་བསམ་པའི་ཚོར་སྣང་བྱུང་། ལས་འགུལ་འདི་ང་བོད་མི་གཅིག་གིས་སྤེལ་བའི་ལས་འགུལ་ཆུང་ཆུང་ཞིག་ཡིན་ནའང་ས་གནས་དེར་མི་ཚོགས་ཧ་ཅང་ཆེ་བ་དང་། ལྷག་པར་དུ་མཐོ་སློབ་མང་པོ་ཞིག་གི་སློབ་ཕྲུག་དེར་ཡོད་པ་སོགས་ཀྱིས་བོད་དོན་དྲིལ་བསྒྲགས་ལ་ཕན་ཐོགས་ཆེན་པོ་ཡོང་གི་འདུག་བསམ་པ་བྱུང་། ཞེས་བརྗོད་བྱུང་།

མཇུག་ཏུ་མ་འོངས་པར་བོད་དོན་ཆེད་ལས་འགུལ་འདི་དང་འདི་ལྟ་བུ་ག་རེ་སྤེལ་འཆར་ཡོད་དྲིས་པར། མ་འོངས་པར་ང་རང་གིས་ཐུབ་ཚོད་ཀྱིས་ལས་འགུལ་འདི་རྒྱུན་མཐུད་པ་དང་། བོད་ནང་གི་དངོས་ཡོད་གནས་ཚུལ་དང་རྒྱ་ནག་གཞུང་གིས་བོད་མི་ཚོར་མནར་གཅོད་གདུག་རྩུབ་ཅན་གྱི་སྲིད་བྱུས་མང་པོ་ལག་བསྟར་བྱེད་བཞིན་པ་འཛམ་གླིང་མི་མང་གིས་ཤེས་རྟོགས་ཡོང་ཐུབ་པའི་ཆེད་དུ་ལས་འགུལ་རིགས་གང་ཐུབ་ཅིག་སྤེལ་དགོས་བསམ་ཡོད་། དེ་བཞིན་མི་ཞིག་གི་མི་ཚེའི་ནང་ཤེས་ཡོན་ནི་ཧ་ཅང་གལ་ཆེན་པོ་ཡིན་སྟབས། ངས་མུ་མཐུད་སློབ་སྦྱོང་ཡག་པོ་ཞིག་བྱས་ཏེ་མཐོ་རིམ་སློབ་གྲྭ་ལེགས་པོ་ཞིག་ནས་སློབ་མཐར་ཕྱིན་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།ཁ་ན་ཌའི་བོད་ཀྱི་སྟག་ཤར་སངས་རྒྱས་སྐྱབས་ལགས་ཕྱི་ལོ་ ༡༩༩༢ ལོར་བོད་ཤར་ཕྱོགས་མཛོད་དགེ་རྫོང་འབོས་ཡུལ་ཚོ་རུ་སྐྱེས་ཤིང་། ཕྱི་ལོ་ ༢༠༠༤ ལོར་རྒྱ་གར་དུ་ཡོང་སྟེ་སུ་ཇཱ་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་བྱས་ཡོད་པ་དང་། རྗེས་སུ་དྷ་ས་མེག་གྷན་དུ་ལོ་ཤས་རིང་བསྡད་ཡོད་པ་དང་། ༢༠༡༤ ལོར་ཁ་ན་ཌར་ཕྱིན། ཕྱི་ལོ་ ༢༠༡༦ ལོར་ཁ་ན་ཌ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བསྡུས་པའི་བོད་ཀྱི་སྟག་ཤར་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༡/༢༩

Leave a Reply

2 thoughts on “བོད་ཀྱི་སྟག་ཤར་ཞིག་གིས་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་བྱས།

  1. གཞུང་པ་ཚེ་དབང་བསོད་ནམས་

    སྟག་ཤར་འདི་བོད་མིའི་སྲོལ་རྒྱུན་གྱི་ཁུངས་ལྡན་གྱི་མིང་ཞིག་ཨ་ཡིན་ནམ་།