ཧིན་སྒོར་འབུམ་ ༣༠ བཏང་སྟེ་གཞིས་ཆཊ་ཁག་བརྒྱད་ནང་ཆུ་ལ་ཞིབ་འཇུག་བྱེད་ཀྱི་འདུག

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཆེད་མཁས་མི་སྣ་གླས་ཏེ་ལྷོ་གཞིས་ཆེ་ཁག་ལྔ་དང་དབུས་གཞིས་ཆགས་གསུམ་ནང་ཆུའི་ཐོན་ཁུངས་ལ་ཞིབ་འཇུག་བྱེད་བཞིན་འདུག

བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཅིག་ནང་ཆུ་ཡག་པོ་མེད་པའི་དཀའ་ངལ་སྐོར་བསྟུད་མར་སྙན་ཞུ་ཕུལ་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༦ ཉིན་ནས་བཟུང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས། རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཆེ་ཁག་ལྔ་དང་དབུས་གཞིས་ཆགས་ཁག་གསུམ་བཅས་ཀྱི་ནང་བྷང་ལོར་ཡོད་པའི་རྒྱ་གར་ས་ཆུའི་དཔྱད་རིག་ཁང (Space Geo Tech)གི་ཆེད་ལས་མི་སྣ་གླས་ཏེ། གཞིས་ཆགས་ནང་གི་ཆུའི་ཐོན་ཁུངས་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། ཞིབ་འཇུག་གི་ཆེད་དུ་ཨ་རིའི་རོགས་ཚོགས་(PRM)ནས་རོགས་དངུལ་ཧིན་སྒོར་འབུམ་ ༣༠ གནང་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་འཕྲོད་བསྟེན་ལས་ཁུངས་ཀྱི་འཆར་འགོད་ཚན་པའི་འབྲེལ་ཡོད་ལས་བྱེད་ཉི་མ་རྒྱལ་མཚན་ལགས་སུ་ཞིབ་འཇུག་གི་ལས་གཞི་དེའི་སྐོར་སྐད་ཆ་འདྲི་སྐབས། ལས་གཞི་དེ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་བརྒྱད་ཀྱི་ནང་ལག་བསྟར་བྱེད་ཀྱི་ཡོད་པ་དང་། གཞིས་ཁག་བརྒྱད་ལས་ལྔ་ནི་སྦེལ་ཀོབ་བདེ་སླར་དང་ལུགས་བསམ།  མོན་གྷོ། ཧུན་སོར།  ཀོ་ལི་གྷར་བཅས་ཡིན་པ་དང་། དེ་མིན་དབུས་གཞིས་ཆགས་ཁག་གསུམ་ནི་ཨོ་རི་ས་དང་། བྷན་དྷ་ར། མན་སྤར་བཅས་ཡིན་ལ། ཐེངས་འདིའི་ལས་གཞི་དེ་ནི་ཞིབ་འཇུག་རང་ཡིན་ལ། ཆུ་ཁོ་ནའི་ཐོག་ཞིབ་འཇུག་བྱེད་ཀྱི་ཡོད་པ་ཙམ་མ་ཡིན་པར་ཉེ་ཁོར་ས་གཤིས་དང་ས་དབྱིབས།  མཚོ་དང་མཚེའུ། རྒྱུག་ཆུ།  ད་དུང་ས་འོག་ཆུ་ལ་སོགས་པར་མཁའ་དབྱིངས་འཕྲུལ་སྐར་བརྒྱུད་ནས་པར་བརྒྱབས་ཏེ་ཞིབ་འཇུག་མཐར་ཕྱིན་པ་ཞིག་བྱས་རྗེས། ཕྱི་ཟླ་ ༢ པའི་ནང་གྲུབ་དོན་སྙན་ཐོ་འདོན་རྒྱུ་ཡིན་པ་དང་། ཆུའི་སྤུས་ཚད་དང་གནས་བབ་སོགས་གསལ་རྟོགས་བྱུང་རྗེས་ཆེད་མཁས་པའི་ལམ་སྟོན་ལྟར་ཆུའི་ཐོག་ལས་གཞི་ག་རེ་སྤེལ་དགོས་མིན་བལྟ་རྒྱུ་ཡིན་སྐོར་བརྗོད་བྱུང་།

ཡང་འཕྲོད་བསྟེན་ལས་ཁུངས་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ཆུར་ཞིབ་འཇུག་བྱེད་ཀྱི་ཡོད་པའི་དགོས་དམིགས་སྐོར་ལ་ཁོང་གིས། བར་ལམ་ཞིག་ནས་འཛམ་གླིང་གི་གནམ་གཤིས་དང་ཁོར་ཡུག་ལ་འགྱུར་ལྡོག་ཕྱིན་པ་དང་ལྷན་དུ་ཆར་ཆུ་དུས་ཐོག་ཏུ་མ་བབས་པར་བརྟེན། ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཅིག་ལ་ས་འོག་ཆུ་དང་། ཕུགས་ཆུ།  དེ་བཞིན་རྒྱུག་ཆུ་སོགས་ཉུང་དུ་སོང་བའི་རྐྱེན་གྱིས་འཕྲོད་བསྟེན་ལས་ཁུངས་ནས་རོགས་རམ་གནང་དགོས་པའི་སྙན་ཞུ་འབྱོར་བ་ལྟར་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་། ཞིབ་འཇུག་གི་དགོས་དོན་གཙོ་བོ་ནི་ད་ལྟ་ནས་དཀའ་ངལ་ཚབས་ཆེན་འདུག་ལབ་ནས་ཞིབ་འཇུག་བྱས་པ་ཞིག་མ་རེད།  འཕྲོད་བསྟེན་ལས་ཁུངས་ནས་མ་འོངས་པར་ཆུའི་ཐོག་དཀའ་ངལ་མི་ཡོང་བའི་ཆེད་དུ་ཐེངས་འདིའི་ཆུར་ཞིབ་འཇུག་གི་ལས་གཞི་སྤེལ་བ་ཞིག་ཆགས་ཡོད་པ་དང་། འདས་པའི་ཉིན་བཅུའི་ནང་ཚུད་དུ་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ནང་གི་ཆུ་ལ་ཞིབ་འཇུག་བྱས་ཟིན་པ་དང་།  ད་ལྟ་དབུས་གཞིས་ཆགས་ཁག་གསུམ་གྱི་ནང་དུ་ཞིབ་འཇུག་འགྲོ་མུས་ཡིན། ཞེས་བརྗོད་བྱུང་།

ཆུར་ཞིབ་འཇུག་ཆེད་འཕྲོད་བསྟེན་ལས་ཁུངས་ནས་ལས་བྱེད་གཉིས་ས་གནས་སུ་ཆེད་གཏོང་གནང་ཡོད་པ་དང་། གཅིག་ནི་ཉི་མ་རྒྱལ་མཚན་ལགས་ཆགས་ཡོད་སྟབས། གསར་འགོད་པས་གཞིས་ཆགས་ཁག་གི་ནང་དངོས་སུ་བསྐྱོད་དེ་ཞིབ་འཇུག་གནང་སྐབས་ཆུའི་གནས་སྟངས་ག་འདྲ་འདུག་དྲིས་པར་ཁོང་གིས། སྔོན་མ་ནས་ས་གནས་མི་འདྲ་བར་དཔག་པའི་ཆུའི་དཀའ་ངལ་འཕྲད་མུས་ཡིན་པ་དང་། དཔེར་ན། ཀོ་ལི་གྷར་ལྟ་བུར་ཆ་བཞག་ན། སྔོན་མ་ནས་ཕུགས་ཆུར་བརྟེན་ནས་འཚོ་བ་རོལ་གྱིན་ཡོད་ཀྱང་། ཆར་བ་བབས་ཉུང་དུ་ཕྱིན་ཏེ་ཕུགས་ཆུ་དང་ས་འོག་ཆུ་རིམ་བཞིན་ཇེ་ཉུང་དུ་འགྲོ་ཡི་འདུག དེ་བཞིན། ང་མོན་གྷོར་གཞིས་ཆགས་ནང་ཕྱིན་སྐབས།  ཁོ་ཚོས་ཞིང་ཁར་ཆུ་འདྲེན་པ་དང་། འཐུང་ཆུ།  སེམས་ཅན་ལ་ཆུ་སོགས་ཚང་མ་ས་འོག་ཆུ་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་གྱི་འདུག ང་རང་ཉིན་བཅུའི་རིང་གཞིས་ཆགས་ཁག་གི་ནང་བསྡད་དེ་བརྒྱ་དཔོན་དང་མི་རབས་རྒན་པ་ཁག་ཅིག་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། སྔོན་མ་ཡིན་ན་ས་འོག་ཆུ་འཐེན་འདྲེན་བྱེད་སྐབས་མར་ས་འོག་ཕི་ཊི་(Feet)བརྒྱ་བརྐོས་ཚེ་ཆུ་ཐོན་གྱི་ཡོད་ནའང་།  དེང་སང་ཕུ་ཊི་ཉིས་བརྒྱ་བརྐོ་དགོས་ཀྱི་ཡོད་པས་ས་འོག་ཆུ་ཉུང་དུ་འགྲོ་ཡི་ཡོད་པ་གསལ་པོ་རེད།  ད་ལྟའི་ཆར་བོད་མིའི་གཞིས་ཆགས་ཁག་ཏུ་ཆུའི་དཀའ་ངལ་ཚབས་ཆེན་ཡོད་པ་དེ་འདྲ་གང་ཡང་མེད་ཀྱང་། ང་ཚོས་ཕུགས་རྒྱང་རིང་པོ་དང་མ་འོངས་སྔོན་འགོག་ཆེད་ད་ལྟ་ནས་ལས་གཞི་ག་རེ་སྤེལ་དགོས་མིན་གྲ་སྒྲིག་བྱེད་བཞིན་ཡོད། ཅེས་བརྗོད་བྱུང་།

དེ་སྔ་འཕྲོད་བསྟེན་ལས་ཁུངས་ནས་གཞིས་ཆགས་ཁག་ནང་ཆུ་དང་འབྲེལ་བའི་ལས་གཞི་ག་རེ་སྤེལ་ཡོད་དྲིས་པར་ཁོང་གིས།  སྤྱིར་བཏང་འཕྲོད་བསྟེན་ལས་ཁུངས་ལ་སྡེ་ཚན་ཁག་མང་པོ་ཡོད་པའི་ཁྲོད།  སྡེ་ཚན་གཅིག་ཆུ་དང་གཙང་ཁྲུས་ཞེས་པའི་སྡེ་ཚན་དེ་ཆགས་ཡོད།  ཆུ་དང་གཙང་ཁྲུས་ཞེས་པའི་སྡེ་ཚན་དེས་ལ་དྭགས་དང་མོན་ཕྱོགས་ཚུད་པའི་ལོ་རྟག་པར་བོད་མིའི་གཞིས་ཆགས་ཁག་ཏུ་ཆུ་ཁོ་ན་ཙམ་མ་ཡིན་པར་འཕྲོད་བསྟེན་དང་འབྲེལ་ཏེ་གཙང་སྤྲ་དང་། ཉམ་ཐག་ཚོར་ཁྲུས་ཁང་གསང་སྤྱོད་གསར་རྒྱག་སོགས་ཀྱི་ཐོག་མཐུན་འགྱུར་རོགས་རམ་གནང་བསྡད་ཡོད་པ་མ་ཟད།  ས་གནས་མགོ་འཛིན་བརྒྱུད་ཆུའི་ཐོག་དཀའ་ངལ་ཡོད་པའི་རིགས་ལ་རོགས་རམ་བྱས་པ་མང་པོ་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ།  སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༡/༢༩

Leave a Reply

One thought on “ཧིན་སྒོར་འབུམ་ ༣༠ བཏང་སྟེ་གཞིས་ཆཊ་ཁག་བརྒྱད་ནང་ཆུ་ལ་ཞིབ་འཇུག་བྱེད་ཀྱི་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་

    ཐུགས་རྗེ་ཆེ་བཀྲིན་ཆེ་ཀོ་ལི་གྷལ་གཞིས་ཆགས་ནང་ཕུགས་ཆུ་ཟེར་བ་ཤེས་མ་སོང་ལུང་པའི་འབུག་ནས་རྒྱུགས་བཞིན་པའི་ཆུ་དེ་ལ་གཞིས་མི་ཚོའི་འབུག་ཆུ་ཟེར་བ་རེད་ལ་དེ་སྔོན་ཕྱི་ནང་གི་མཁས་པ་མང་པོ་ནས་རྒྱུགས་ཆུ་དེ་རྟགས་དཔྱད་གནང་སྐབས་འབུག་ཆུ་དེ་ཤིང་ཆུ་ཡིན་པ་དང་གཞིས་མི་མང་པོ་རྐང་པ་ན་བཞིན་པ་ཤིང་ཆུའི་རྐྱེན་གྱི་འབམ་ནད་ཡིན་པ་དང་ཆུ་གཙང་མ་བཟོ་རྒྱུར་ཆུ་མཛོད་ནང་རྡོ་ཅུང་གཟི་སླུག་དགོས་པ་སོགས་སྨན་རྩིས་ཁང་དང་འཕྲོད་བསྟེན་ལྷན་ཁང་གཉིས་ལ་དེའི་སྐོར་གསལ་མཁྱེན་ཡོད་པ་བཅས་ཐུགས་རྗེ་ཆེ་།