ཝང་ཆི་ཧྲན་བསྐྱར་དུ་དམར་ཤོག་ཚོཊ་པའི་སྲིད་སྟེཊ་སུ་བསླེབས།

རྒྱ་ནག་པེ་ཅིན་གྱི་གནད་ཡོད་མི་སྣ་ཁག་ཅིག་གིས་འདི་ལོའི་ཕྱི་ཟླ་ ༣ པའི་དམངས་ཆེན་ཚོགས་འདུའི་ཐོག་ཝང་ཆི་ཧྲན་རྒྱ་ནག་གི་སྲིད་བློན་གཞོན་པར་བསྐོ་བཞག་བྱེད་སྲིད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་རྒྱ་ནག་གཞུང་འབྲེལ་དྲ་ལམ་དུ་འདས་ལོར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༡༩ པའི་སྟེང་རྒས་ཡོལ་དུ་ཕྱིན་པའི་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་། དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་འཁྲིད་ཟུར་པ་ཝང་ཆི་ཧྲན་རྒྱ་ནག་ལྷོ་རྒྱུད་ཧུའུ་ནན་ཞིང་ཆེན་གྱི་འཐུས་མིའི་ཁོངས་སུ་བདམས་ཐོན་བྱུང་ཡོད་སྐོར་བསྒྲགས་འདུག

འདས་ལོའི་ཕྱི་ཟླ་ ༩ པའི་ནང་ཚོགས་པའི་རྒྱ་ནག་དམར་ཤོག་ཚོགས་པའིི་ཚོགས་ཆེན་ཐེངས་ ༡༩ པའི་སྔ་གཞུག་ཏུ་ཞི་ཅིན་ཕིན་གྱི་ལག་པ་གཡས་པར་གྱུར་བའི་ཝང་ཆི་ཧྲན་རྒས་ཡོལ་དུ་གཏོང་རྒྱུ་ཡིན་མིན་ཐད་རྒྱལ་སྤྱིའི་ཐོག་གླེང་སློང་ཆེན་པོ་བྱུང་ཡོད་པ་དང་། ཚོགས་ཆེན་ཐོག་རང་ལོ་ ༦༩ ཡིན་པའི་ཝང་ཆི་ཧྲན་རྒས་ཡོལ་གྱི་རྣམ་པའི་ཐོག་ནས་སྲིད་སྟེགས་ལས་ཕབ་ཡོད་པ་རེད། ཡིན་ནའང་། ཉིན་ཤས་སྔོན་རྒྱ་ནག་ཧུའུ་ནན་ཞིང་ཆེན་ནས་འཐུས་མི་གྲངས་༡༡༨ བདམས་ཐོན་བྱུང་བའི་མིང་ཐོ་ཕྱིར་བསྒྲགས་བྱས་པའི་ནང་ཝང་ཆི་ཧྲན་ཚུད་ཡོད་སྟབས། རྒྱལ་སྤྱིའི་སྒང་ནས་ཝང་ཆི་ཧྲན་བསྐྱར་དུ་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་སྡིངས་ཆའི་ཐོག་གློ་བུར་དུ་བསླེབས་པར་གླེང་གཞི་གསར་པ་ཞིག་མགོ་བཙུགས་ཡོད་པ་མ་ཟད། པེ་ཅིན་གྱི་རང་མིང་བསྐོངས་བའི་གནད་ཡོད་མི་སྣ་ཁག་ཅིག་གིས་ནེའུ་ཡོག་དུས་བབ་ཀྱི་གསར་འགོད་པར། འདི་ལོའི་ཕྱི་ཟླ་ ༣ པའི་འཚོགས་འཆར་ཡོད་པའི་རྒྱ་ནག་རྒྱལ་ཡོངས་དམངས་ཆེན་ཚོགས་འདུའི་སྟེང་ཝང་ཆི་ཧྲན་རྒྱ་ནག་གི་སྲིད་བློན་གཞོན་པར་བསྐོ་བཞག་བྱེད་སྲིད་སྐོར་བརྗོད་ཡོད་འདུག

ད་ལྟ་ལོ་ན་ ༦༩ ཡིན་པའི་ཝང་ཆི་ཧྲན་ནི་འདས་པའི་ལོ་ངོ་ ༢༢ རིང་རྒྱ་ནག་དམར་ཤོག་གཞུང་གི་མཐོ་རིམ་དཔོན་གནས་བཟུང་མྱོང་བའི་རྒྱལ་ཕྱི་ནང་དུ་ཤུགས་རྐྱེན་ཧ་ཅང་ཆེ་བའི་མི་སྣ་ཞིག་ཡིན་པ་མ་ཟད། ཞི་ཅིན་ཕིན་གྱི་སྟག་དང་སྦྲང་མ་མཉམ་གསོད་ཀྱི་ལྐོག་ཟ་རུལ་སུངས་རྒོལ་རྡུང་གི་ལག་པ་གཡས་པ་ལྟ་བུ་ཆགས་ཡོད་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ནང་དབུས་གཞུང་གི་གོ་གནས་མཐོ་ཤོས་བཟུང་སྟེ་རྒས་ཡོལ་དུ་ཕྱིན་རྗེས་བསྐྱར་དུ་དམངས་ཆེན་འཐུས་མི་སོགས་སུ་བདམ་ཐོན་བྱུང་བ་ཧ་ཅང་དཀོན་པ་རེད།

རྒྱ་ནག་གི་ཕྱུག་བདག་གོ་ཝུན་ཀེ་ཡི་གཙོས་སྲིད་དོན་ཐེར་འདོན་པ་མང་པོ་ཞིག་གིས་ཝང་ཆི་ཧྲན་ནི་ལྐོག་ཟ་རུལ་སུངས་དང་རྒྱལ་འཚོང་བའི་གཏེ་བོ་ཞིག་ཡིན་སྐོར་རྒྱལ་སྤྱིའི་སྟེང་བསྒྲགས་པ་བསྟུན། ཝང་ཆི་ཧྲན་གྱིས་ཞི་ཅིན་ཕིན་གྱི་སྲིད་དབང་ལ་སྟངས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ཁོས་རྒྱལ་སྤྱིའི་ཆབ་སྲིད་འཕོ་འགྱུར་ཁྲོད་གོ་བབ་ཆེན་པོ་བཟུང་ཡོད་སྟབས། ཞི་ཅིན་ཕིན་གཞུང་གིས་རང་ལོ་ ༦༠ བརྒལ་རྗེས་རྒས་ཡོལ་དུ་འགྲོ་དགོས་པའི་སྒྲིག་གཞི་བེད་སྤྱད་དེ་ཝང་ཆི་ཧྲན་གྱི་ཆབ་སྲིད་དབང་ཤུགས་ཉམས་དམས་སུ་གཏོང་གི་ཡོད་པ་སོགས་ཀྱི་གླེང་གཞི་མང་པོ་བྱུང་ཡོད་པ་རེད།

གནད་དོན་དེའི་ཐད་རྒྱ་ནག་པེ་ཅིན་དུ་ཡོད་པའི་ལོ་རྒྱུས་ཆབ་སྲིད་རིག་པའི་དགེ་རྒན་ཀྲང་ལི་ཧྥན་(Zhang Lifan)གྱིས། ད་ལྟ་ཝང་ཆི་ཧྲན་རྒྱལ་ཡོངས་མི་མང་འཐུས་མིར་བདམས་ཟིན་པ་དང་། མ་འོངས་པར་ཁོའི་དབང་ཆ་ག་འདྲ་ཞིག་ཏུ་སླེབ་མིན་དེ་སྲིད་འཛིན་ཞི་ཅིན་ཕིན་ཁོ་ན་ལ་རག་ལས་ཡོད་པ་རེད། གལ་ཏེ་ཁོ་སྲིད་བློན་གཞོན་པ་ཡང་ན་དམངས་ཆེན་རྒྱུན་ལས་ལྷན་ཁང་གི་ཚོགས་གཙོ་ཚོགས་གཞོན་གང་རུང་ཞིག་ཏུ་བདམ་པ་ཡིན་ན། ཝང་གི་ཆབ་སྲིད་ནུས་ཤུགས་སྔར་བཞིན་གནས་ཤིང་། སྲིད་འཛིན་ཞི་ཅིན་ཕིན་དང་ཁོ་རང་གཉིས་ཀྱི་འབྲེལ་བ་སྔར་བཞིན་དམ་པོར་གནས་ཡོད་པ་མཚོན་པ་རེད། ཅེས་བརྗོད་འདུག

རྒྱ་ནག་གི་སྲིད་བློན་གཞོན་པའི་གོ་གནས་དེ་གོ་དབང་ཅུང་ཞན་པོ་ཞིག་ཡིན་པ་དང་། ད་ལྟའི་སྲིད་བློན་གཞོན་པ་ལི་ཡན་ཀྲོ་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེན་པོ་གང་ཡང་མེད་ཀྱང་། དེ་སྔོན་གོ་གནས་དེ་བཟུང་མྱོང་བའི་དཔོན་རིགས་ནང་དུ་སྲིད་འཛིན་ལ་གཞོགས་འདེགས་ཆེན་པོ་བྱས་ཏེ་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་བསླེབས་མྱོང་མཁན་དེ་འདྲ་བྱུང་ཡོད་འདུག དཔེར་ན། ཏུན་ཞའོ་ཕིན་གྱི་སྐབས་སུ་ཡཱང་ཧྲན་ཁུན་གྱིས་ཏུན་གྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་བྱུས་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱས་ཏེ་ནུས་པ་ཆེན་པོ་ཐོན་ཡོད་འདུག ཝང་ཆི་ཧྲན་བསྐྱར་དུ་སྲིད་སྟེགས་སུ་བསླེབས་པ་དེས་ཞི་ཅིན་ཕིན་གྱི་སྲིད་དབང་སྐབས་གཉིས་པར་རོགས་འདེགས་ཀྱི་ནུས་པ་ཆེན་པོ་འདོན་པའི་གོ་སྐབས་ཡོད་སྐོར་བརྗོད་ཀྱི་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༡/༣༡

Leave a Reply

2 thoughts on “ཝང་ཆི་ཧྲན་བསྐྱར་དུ་དམར་ཤོག་ཚོཊ་པའི་སྲིད་སྟེཊ་སུ་བསླེབས།

  1. གཞུང་པ་ཚེ་དབང་བསོད་ནམས་

    རྐུན་རྒྱབ་ཇག་ལང་ལྐོག་ཟ་རུལ་སྲུང་འོག་།
    དཔོན་ངན་རྒྱུད་འཛིན་འགོ་འདྲེན་གཅིག་བསྡུད་འོག་།
    ཞི་བའི་མི་མང་འཚོ་བ་སྤྲང་ལ་སྦྱར་།
    རྒྱལ་ཁབ་ཡར་རྒྱས་བུ་ལོན་འོག་ཏུ་སྲུངས་།
    ཧཧཧཧཧ

  2. གསར་འགྱུར་ཚ་བོ། དུས་བབ་ཚང་གིས་རྒྱ་ནགགི་ཅབ་སྲིད་སྐོར་ལ་གསར་འགྱུར་འབྲི་རྒྱུ་ཅུང་ཙམ་ཉུང་རུ་འགྲོ་སྣང་ཞིག་འདུག མུ་མཐུད་འདི་ལྟ་བུ་འབྲི་བར་རེ་བ་བརྒྱབ་ཡོད། བཀླགས་རིན་ཡོད་པ་ཞིག་འདུག