མངའ་རིས་ནས་གནའ་རྫས་རྙེད།

བོད་སྐྱོར་གྱི་མིང་བཏགས་པའི་རྒྱ་ནག་གི་གནའ་རྫས་རྟོག་ཞིབ་ཚན་པ་ཞིག་གིས་བོད་མངའ་རིས་ནས་གནའ་བོའི་བང་སོ་ ༩ བསྔོགས་ཏེ་གནའ་རྫས་རིགས་མང་པོ་ཞིག་རྙེད་ཡོད་འདུག

དེ་རིང་བོད་ནང་གི་བརྒྱུད་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། ཉིན་ཤས་ཀྱི་སྔོན་ཏེ་ཕྱི་ཚེས་༢༨ ཉིན་རྒྱ་ནག་ཧྲན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཚན་པ་གིས། བོད་མངའ་རིས་རྩ་མདའ་རྫོང་གོམ་སྲུལ་ལ་མགོ་ཞེས་པའི་གནའ་བོའི་བོད་ཀྱི་དར་གོས་ཚོང་ལམ་ཞིག་ནས་བང་སོ་༩ གསར་དུ་རྙེད་དེ་སྔོག་འདོན་བྱས་ཡོད་པ་དང་། བང་སོ་དེ་དག་བྲུ་ཤུལ་ནས་རྫ་ཆས་དང་རྡོ་ཆས། དེ་བཞིན་ཟངས་ལྕགས་ཤེལ་གསུམ་དང་། པགས་རིགས་བཅས་ཀྱིས་བཟོས་པའི་དངོས་རྫས་རིགས་ ༣༠༠ ལྷག་དང་། མིའི་རུས་པ་དང་སྲོག་ཆགས་ཀྱི་རུས་པ་ ༡༠༠ ལྷག་ཙམ་རྙེད་སོན་བྱུང་ཡོད་འདུག

བང་སོ་དེ་དག་ལས་ ༨ རྡོ་རྩིག་དང་གཅིག་ས་དུང་ཡིན་པ་དང་། གནའ་རྫས་རྟོག་ཞིབ་པས་བང་སོ་ནས་རྙེད་པའི་དངོས་རྫས་དག་ལ་ཞིབ་འཇུག་བྱས་ཏེ། བང་སོ་དེ་དག་བཙུགས་པའི་དུས་ཚོད་ནི་སྤྱི་ལོའི་སྔོན་གྱི་དུས་རབས་ ༣ པ་ནས ༧ པའི་བར་ཡིན་པ་དང་། བང་སོ་གཅིག་ནི་རྒྱ་ནག་ཧན་དང་ཅིན་རྒྱལ་རབས་སྐབས་སུ་བྱུང་སྐོར་བརྗོད་འདུག

རྒྱ་གཞུང་གིས་ཆེད་མངག་བྱས་པའི་བོད་ཁུལ་གནའ་རྫས་རྟོག་ཞིབ་རུ་ཁག་གི་མགོ་འཁྲིད་ཀྲང་ཅན་ལིན་ཟེར་བ་ཞིག་གིས། བང་སོ་དེ་དག་གི་གྲུབ་ཚུལ་དང་། དུར་སར་འཇུག་སྲོལ། དུར་རྫས་སོགས་ཀྱི་ཁྱད་ཆོས་ལ་བྱང་རྒྱུད་རྩྭ་ཐང་རིག་གནས་ཀྱི་ཁྱད་ཆོས་མངོན་ཡོད་པ་དང་། ས་ཁུལ་དེ་དང་ཨེ་ཤེ་ཡ་དབུས་རྒྱུད་དང་། ཨེ་ཤ་ཡ་ལྷོ་རྒྱུད། ཤིན་ཅང་སོགས་ཀྱི་བར་གནའ་སྔ་མོ་ནས་རིག་གནས་སྤེལ་རེས་དང་འབྲེལ་འདྲིས་བྱུང་ཡོད་པ་གསལ་རྟོགས་ཐུབ་པས། འདི་ནི་བོད་ཡུལ་ས་མཐོའི་དར་གོས་ཚོང་ལམ་གྱི་རིག་དངོས་ཤུལ་བཞག་གལ་ཆེན་ཞིག་རེད། ཅེས་བརྗོད་འདུག

རྒྱ་ནག་གིས་ལོ་མང་སྔོན་ནས་ཧྲན་ཞི་ཞིང་ཆེན་བོད་སྐྱོར་གནའ་རྫས་རྟོག་ཞིབ་སྡེ་ཚན་ཞེས་པ་ཞིག་བོད་ཁུལ་དུ་ཆེད་མངགས་བྱས་ཏེ་གནའ་རྫས་རྟོག་ཞིབ་བྱེད་དུ་འཇུག་གི་ཡོད་པ་དང་། བོད་སྐྱོར་གྱི་མིང་བཏགས་པའི་གནའ་རྫས་རྟོག་ཞིབ་ཚན་པ་དེས་ཕྱི་ལོ་ ༢༠༡༧ ལོར་བོད་ཁུལ་གྱི་ས་ཆ་མང་པོ་ཞིག་ཏུ་གནའ་རྫས་རིགས་འདྲ་མིན་འཚོལ་བསྡུ་བྱས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༢/༠༡

Leave a Reply

One thought on “མངའ་རིས་ནས་གནའ་རྫས་རྙེད།

  1. གཞུང་པ་ཚེ་དབང་བསོད་ནམས་

    བོད་ཀྱི་ཕྱི་ནང་སྣོད་བཅུད་དང་བཅས་པ་རྒྱ་ཡིས་བཟོས་ནས་ད་དུང་མ་ཚིམ་པར་ས་འོག་གི་བང་སོ་བསྔོགས་ནས་མི་རོ་སྐམ་པོ་།
    ཟ་འདོད་མ་རེད་དམ་ཧཧཧ