བོད་ཀྱི་ཁྱད་ཆོས་ལྡན་པའི་ཐག་ལམ་འབབ་ཚུཊ་ཁང་ཞིག་རྒྱག་འཆར་འདུག

དྷ་ཤོད་ནས་མེག་གྷན་བར་འགྲོ་འོང་སྟབས་བདེ་ཡོང་བའི་ཐག་ལམ་འཛུགས་སྐྲུན་གྱི་ལས་གཞིའི་ཆེད་ཁྱོན་ཧིན་སྒོར་དུང་ཕྱུར་ ༡.༣ ལྷག་གཏོང་འཆར་ཡོད་འདུག

ཕྱི་ལོ་ ༢༠༡༥ ལོར་ཧི་མ་ཅལ་མངའ་སྡེ་གཞུང་ནས་དྷ་རམ་ས་ལ་དེང་རབས་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་(Smart City)ཅན་དུ་བསྒྱུར་བའི་ལས་གཞི་མགོ་བརྩམས་ཏེ་འཛུགས་སྐྲུན་མང་པོ་ཞིག་བྱེད་བཞིན་ཡོད་པ་དང་། ལས་གཞི་དེའི་ཁོངས་ནས་དྷ་ཤོད་ནས་མེག་གྷན་བར་གྱི་ཐག་ལམ་(Skyway)བཟོ་སྐྲུན་ནི་ལས་གཞི་གལ་ཆེན་ཞིག་ཏུ་རྩི་ཡི་ཡོད་འདུག་པས། དེ་རིང་འདི་གའི་གསར་འགོད་པས་ཧི་མ་ཅལ་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་དང་། འཛུགས་སྐྲུན་གཙོ་གཉེར་བ་ཊ་ཊ་ཚོང་གཉེར་ཁང་སོགས་ཀྱི་འབྲེལ་ཡོད་ལས་བྱེད་ལ་བཅར་འདྲི་བྱས་ཏེ་རྒྱུས་ལོན་བྱུང་བ་ལྟར་ན། ལོ་རྗེས་མའི་ལོ་མགོ་ཡས་མས་ཤིག་ལ་ལས་གཞི་དེ་འགྲུབ་འཆར་ཡོད་འདུག

ཐག་ལམ་འཛུགས་སྐྲུན་ཆེད་ཧི་མ་ཅལ་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་དང་རྒྱ་གར་གྱི་ཚོང་གཉེར་ཁང་ཆེན་མོ་ཊ་ཊ་(TATA)གཉིས་བར་གན་རྒྱ་བཞག་སྟེ། ལས་གཞི་འདིའི་མགོ་མཇུག་བར་གསུམ་ཚང་མར་ཊ་ཊ་ཚོང་གཉེར་ཁང་ནས་འགན་ལེན་གྱིས་ཕྱི་ལོ་ ༢༠༡༥ ནས་ལས་གཞི་མགོ་འཛུགས་བྱས་ཡོད་པ་དང་། ལས་གཞི་དེར་ཊ་ཊ་ཚོང་གཉེར་ཁང་ནས་ཁྱོན་ཧིན་སྒོར་དུང་ཕྱུར་ ༡.༣ ལྷག་གཏོང་འཆར་ཡོད་འདུག

ཐག་ལམ་དེར་དྷ་ཤོད་དང་མེག་གྷན་གཉིས་སུ་འབབ་ཚུགས་ཁང་ཆེན་མོ་རེ་རེ་རྒྱག་འཆར་ཡོད་པ་དང་། མེག་གྷན་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཞུགས་གནས་ཕོ་བྲང་ཡོད་པ་དང་། བོད་མི་མང་པོ་གཏན་སྡོད་བྱས་ཡོད་སྟབས། ཐག་ལམ་འབབ་ཚུགས་ཁང་གི་དཔེ་རེས་ནང་མེག་གྷན་གྱི་འབབ་ཚུགས་བོད་ཀྱི་ཁྱད་ཆོས་ལྡན་པ་ཞིག་རྒྱག་འཆར་འདུག ད་ལྟ་མེག་གྷན་འབབ་ཚུགས་ཁང་གི་རྨང་གཞི་དང་། ཐག་ལམ་སྲ་བརྟན་ཡོང་བའི་ཀྭ་བ་བཅུ་ཡི་རྨང་གཞི་བཅས་གཏིང་བཞིན་པ་རེད་འདུག་ལ། ལས་འཆར་ལྟར་ན་ཐག་ལམ་ཐོག་ཁྱོན་འཁོར་སྒམ་ ༢༤ དང་། འཁོར་སྒམ་རེ་རེའི་ནང་མང་ན་མི་གྲངས་ ༨ རེ་ཤོང་གི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༢/༠༢

Leave a Reply to གཞུང་པ་ཚེ་དབང་བསོད་ནམས་ Cancel Reply

One thought on “བོད་ཀྱི་ཁྱད་ཆོས་ལྡན་པའི་ཐག་ལམ་འབབ་ཚུཊ་ཁང་ཞིག་རྒྱག་འཆར་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་

    བོད་ཀྱི་ཁྱད་ཆོས་ལྡན་པའི་ཐག་ལམ་བབས་ཚིགས་རེད་དམ་ ( བོད་ཀྱི་ཁྱད་ཆོས་ལྡན་པའི་ཐག་འཐེན་འགྲུལ་འདྲེན་བབས་ཚུགས་རེད་ )