སློབ་ཕྲུག་ཅིག་གིས་མེ་མདས་བརྒྱབས་ཏེ་རྨས་སྐྱོན་ཚབས་ཆེན་བཟོས།

ཨ་རིའི་སློབ་ཕྲུག་རང་ལོ་ ༡༢ ཅན་ཞིག་གིས་མེ་མདས་བརྒྱབས་ཏེ་རང་ལོ་ ༡༥ ཡིན་པའི་སློབ་ཕྲུག་གཉིས་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྱི་ཞོགས་པར་ཨ་རིའི་ཁ་ལི་ཧྥོར་ནི་ཡའི་ཝེ་སི་ཊི་ལེག(westlake) རྫོང་ཁོངས་སུ་ཡོད་པའི་ལོ་སི་ཨ་ནི་ལི་སི་འབྲིང་རིམ་སློབ་གྲྭའི་(Los Aneles)ནང་སློབ་ཕྲུག་ཆུང་ཆུང་གཉིས་ཀྱིས་གློ་བུར་དུ་མེ་མདས་གང་བྱུང་བརྒྱབས་ཏེ། ལོ་ ༡༥ ཅན་གྱི་སློབ་ཕྲུག་བུ་གཅིག་དང་བུ་མོ་གཅིག་ལ་རྨས་སྐྱོན་ཚབ་ཆེན་བཟོས་ཡོད་པ་དང་། དོན་རྐྱེན་ཁྲོད་བྱིས་པ་ལོ ༡༢ ཅན་གཉིས་དང་བུད་མེད་ལོ་༣༠ ཅན་ཞིག་ལ་རྨས་ཕོག་ཡོད་འདུག

སློབ་གྲྭའི་ཉེན་རྟོག་སྡེ་ཚན་གྱིས་རྩད་གཅོད་བྱས་ཏེ་མེ་མདས་རྒྱག་མཁན་བུ་མོ་ལོ་ན་ ༡༢ ཅན་ཞིག་ཡིན་པ་གསལ་པོ་བྱུང་སྟེ་མོ་འཛིན་བཟུང་བྱས་ཡོད་པ་མ་ཟད། བུ་མོ་དེའི་མེ་མདའ་ཡང་ལག་སོན་བྱུང་ཡོད་འདུག མོས་མེ་མདས་རྒྱག་དགོས་པའི་རྒྱུ་མཚན་ཅི་ཡིན་དང་། བུ་མོ་དེ་ག་འདྲ་བྱས་ནས་འཛིན་བཟུང་བྱས་ཡོད་མེད་སོགས་སློབ་གྲྭ་གཞུང་དང་ཉེན་རྟོག་ཕྱོགས་ནས་གསལ་པོ་བརྗོད་མེད་པ་རེད།

ཉེན་རྟོག་ལས་ཁུངས་ཀྱིས་རྨས་སྐྱོན་ཕོག་པའི་སློབ་ཕྲུག་གཉིས་ལས་བུ་དེའི་མགོ་ལ་མེ་མདའ་ཕོག་ཡོད་པ་དང་། བུ་མོ་དེའི་དཔྱི་མགོར་ཕོག་སྟེ་ཛ་དྲག་མྱུར་སྐྱོབ་བྱེད་བཞིན་ཡོད་པ་དང་། རྨས་སྐྱོན་ཕོག་པ་གཞན་གསུམ་ལ་མེ་མདས་བརྒྱབས་ཏེ་གས་འཐོར་བྱུང་སྐབས་རྨས་ཕོག་པ་ཞིག་ཡིན་སྐོར་བརྗོད་འདུག

སློབ་གྲྭའི་མགྲིན་ཚབ་པ་ཇེམ་སུ་ཁུག(james cook)ཟེར་བ་ཞིག་གིས་བྷི་བྷི་སིའི་གསར་འགོད་པར། ཉེན་རྟོག་ཕྱོགས་ནས་གནད་དོན་དེ་ཉེན་ཁ་ཅན་ཞིག་ཏུ་དེ་ཙམ་ངོས་འཛིན་བྱེད་ཀྱི་མེད་ན་ཡང་། ཁོ་ཚོས་མུ་མཐུད་དོན་རྐྱེན་བྱུང་སའི་ས་གནས་དང་ཉེ་འཁོར་ལ་རྟོག་ཞིབ་ཀྱིས་དེ་མིན་གྱི་གནད་དོན་གཞན་དང་མཚོན་ཆ་སོགས་ཡོད་མེད་འཚོལ་ཞིབ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

སློབ་གྲྭའི་དབུ་འཛིན་སི་ཊི་ཝི་ཟེ་ཕུར་མན་(Steve zipperman ) ལགས་ཀྱིས། གནད་དོན་དེའི་ཐད་སློབ་གྲྭའི་ཕྱི་ལོགས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཁོ་ཚོས་ད་ལྟ་དོན་རྐྱེན་དེའི་ཐད་ཕྱོགས་ཡོངས་ནས་རྟོག་ཞིབ་གཟབ་ནན་བྱེད་ཀྱི་ཡོད་ལ། མོས་མེ་མདས་བརྒྱབས་དགོས་པའི་རྒྱུ་རྐྱེན་དང་དམིགས་འབེན་སུ་ཡིན། དེ་བཞིན་དོན་རྐྱེན་བྱུང་སྐབས་སློབ་ཕྲུག་སུ་ཞིག་གིས་དངོས་སུ་མཐོང་ཡོད་མེད་སོགས་ལ་ཞིབ་འཇུག་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

དོན་རྐྱེན་འདི་ནི་འདས་པའི་བདུན་ཕྲག་འགའི་རིང་ཨ་རིའི་སློབ་གྲྭ་ཁག་ཏུ་མེ་མདའི་དོན་རྐྱེན་ཁྲོད་ཤི་རྨས་བྱུང་ཚད་ཆེས་ཆུང་ཤོས་ཤིག་ཡིན་འདུག ཟླ་སྔོན་མའི་ཚེས་ ༢༣ ཉིན་ཨ་རིའི་ཁེན་ཊག་ཀེ་(kentucky)ཞེས་པའི་སློབ་གྲྭ་ཞིག་གི་ནང་སློབ་ཕྲུག་ཅིག་གིས་མེ་མདས་གང་བྱུང་བརྒྱབས་ཏེ་སློབ་ཕྲུག་ ༡༧ ལ་རྨས་སྐྱོན་དང་སློབ་ཕྲུག་ ༢ གསད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༢/༠༢

Leave a Reply

2 thoughts on “སློབ་ཕྲུག་ཅིག་གིས་མེ་མདས་བརྒྱབས་ཏེ་རྨས་སྐྱོན་ཚབས་ཆེན་བཟོས།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཤེས་ཡོན་གཏི་གནས་མཚོན་བྱའི་འོག་ཏུ་གནས་།
    སྟོབས་ཆེན་རྒྱལ་ཁབ་ཨ་རིའི་རང་དབང་འདི་།
    འཛམ་གླིང་རྒྱལ་ཁབ་སུ་ལའང་མེད་པ་ཤོག་།
    སློབ་ཕྲུག་དགོས་མཁོ་དེབ་དང་སྨྱུག་གུ་སོགས་།
    མཐོང་རྒྱུ་མེད་པའི་ཚབ་ཏུ་སྒོ་མཚོན་ཉར་།
    རང་དབང་ཆེ་ན་ཚད་འགལ་ཁྲིམས་འགལ་མང་།
    སྒྲིག་ཁྲིམས་མེད་པའི་སློབ་གྲ་མེད་ན་ལེགས་།
    བཟང་སྤྱོད་མེད་པའི་སློབ་གྲ་མེད་ན་ལེགས་།
    འཇིག་སྣང་མེད་པའི་སློབ་ཕྲུག་མེད་ན་ལེགས་།
    ཉེས་པའི་བུ་ལ་ཉེས་པ་མ་བཏང་ན་།
    བྱེད་པོ་ཐམས་བཅས་ཉེས་པའི་རྒྱུ་རུ་འགྲོ་།
    ཚ་ཁའི་ཁྱི་རོ་མཐའ་མ་ཚ་ལ་འགྱུར་།
    སྣུམ་ཐིག་གཅིག་གི་ཤོག་ལྷེ་སྣུམ་ལ་འགྱུར་།

  2. ཨ་རི་ བདེ་བ་ཅན་གྱི་ ཞིང་ཁམས། ཧ། ཧ། མེ་འདས་ ཞིང་ཁམས་ རེད་ འདུག་ག ཕྱི་རྫོག་པོ། འཚོར་སྣང་སྐྱོ་བ་ལ།