ཧོང་ཀོང་རང་དབང་འཐབ་རྩོད་པར་ཞི་བདེའི་གཟེངས་རྟཊ་འབུལ་རོགས།

ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་གིས་ཕྱི་ལོ་ ༢༠༡༨ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཧོང་ཀོང་ཆར་གདུགས་གསར་བརྗེའི་ལས་འགུལ་གྱི་སྣེ་འཁྲིད་པ་གསུམ་ལ་འབུལ་དགོས་པའི་རེ་འདུན་བཏོན།

ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་དང་པོའི་ཚེས་ ༣༡ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པའི་འཐུས་མི་ ༡༢ ཀྱིས། ཕྱི་ལོ་ ༢༠༡༨ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་ཧོང་ཀོང་ཆར་གདུགས་གསར་བརྗེའི་ལས་འགུལ་གྱི་སྣེ་འཁྲིད་པ་ཅོ་ཧྲ་བོང་(Joshua Wong)དང་ནཱ་ཐན་ལའོ(Nathan Law)། ཨ་ལི་ཁུ་སི་ཆའོ་(Ales Chow)བཅས་ལ་འབུལ་དགོས་པའི་ཞུ་ཡིག་ཅིག་ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ལ་ཕུལ་ཡོད་པ་དང་། གལ་སྲིད་ཁོང་ཚོར་ཞི་བདེའི་གཟེངས་རྟགས་འཐོབ་པ་ཡིན་ན་འཛམ་གླིང་ནང་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་ལོ་ན་ཆུང་ཤོས་གཉིས་པ་དེ་ཆགས་རྒྱུ་ཡིན་འདུག

རྒྱ་ནག་གི་ཁྲིམས་ཀྱི་དབང་སྒྱུར་ལ་ལྟ་ཞིབ་བྱེད་པའི་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མར་ཁོ་རའོ་བྷེའོ་(Marco Rubio)ལགས་ཀྱིས། ཧོང་ཀོང་གི་རང་སྲིད་རང་སྐྱོང་དེ་རིམ་བཞིན་གྱིས་བརླག་འགྲོ་ཡི་ཡོད་པ་དང་། ཆར་གདུགས་གསར་བརྗེའི་སྣེ་འཁྲིད་ལས་འགུལ་བ་ཚོས་འགྲོ་བ་མིིའི་གཞི་རྩའི་ཐོབ་ཐང་ཙམ་རྩད་པར་ཁྲིམས་ཆད་ཕོག་པའི་སྐབས་འདིར། ཆར་གདུགས་གསར་བརྗེའི་ལས་འགུལ་སྣེ་འཁྲིད་པ་རྣམས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་སའི་འོས་མིར་བདམས་པ་ནི་དུས་སྐབས་རན་ཤོས་ཤིག་ཆགས་ཡོད། ཅེས་བརྗོད་ཡོད།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་ལྟ་ཞིབ་བྱེད་པའི་ཨ་རིའི་གྲོས་ཚོགས་འཐུས་སྐུ་ཞབས་སི་མེ་ཐི་(Chris Smith)ལགས་ཀྱིས། ང་ཚོ་ཚང་མས་ཧོང་ཀོང་གི་ཆར་གདུགས་གསར་བརྗེ་ལ་བཀའ་དྲིན་རྗེས་དྲན་གྱི་བུ་ལོན་ཞིག་སྤྲོད་དགོས་ཡོད། འདས་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚང་མའི་ལོ་རྒྱུས་ནང་། ཁོ་ཚོས་བསྟུད་མར་སྲིད་དབང་སྒེར་གཅོད་རིང་ལུགས་པའི་མདུན་སྔར་དྲང་བདེན་གྱི་མེ་ལོང་རེ་བཟུང་སྟེ། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ནི་འཇིག་རྟེན་ཀུན་ཁྱབ་ཀྱི་རིན་ཐང་དེ་ཡིན་པ་ང་ཚོར་ལམ་སྟོན་བྱས་ཡོད་ལ། རྒྱ་ནག་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ལོའུ་ཞོ་པའོ་འདས་གྲོངས་སུ་སོང་སྟེ་ལོ་ངོ་གཅིག་འཁོར་བའི་སྐབས་དང་བསྟུན། ཧོང་ཀོང་གི་རང་དབང་འཐབ་རྩོད་པ་རྣམས་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུ་ཧ་ཅང་འོས་ཤིང་འཚམས་པ་ཞིག་རེད། གལ་སྲིད་དེ་འདྲ་བྱུང་བ་ཡིན་ན། ཧོང་ཀོང་ཙམ་མ་ཟད་རྒྱ་ནག་མི་མང་ལའང་དམངས་གཙོ་དང་འདྲ་མཉམ་ཆེད་འཐབ་རྩོད་བྱེད་པ་ནི་གནས་ཚུལ་གསར་པ་ཞིག་མིན་པ་དྲན་གསོ་བྱས་ཏེ། དམངས་གཙོ་དང་འདྲ་མཉམ་ནི་ཁོ་ཚོའི་འདས་པའི་ལོ་རྒྱུས་དང་རིག་གཞུང་སོགས་དང་ཁ་དབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་མ་ཟད། ཁོ་ཚོའི་མ་འོངས་པའི་ཆ་ཤས་གལ་ཆེ་ཤོས་ཤིག་ཡིན་པ་དྲན་གསོ་བྱ་ངེས་ཡིན། ཞེས་བརྗོད་ཡོད་པ་རེད།

ན་ནིང་སྐུ་ཞབས་ལོའུ་ཞོ་པའོ་ལ་མཆིན་པའི་སྐྲན་ནད་ཀྱིས་འདས་གྲོངས་སུ་ཕྱིན་སྐབས། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་ཏེ། རྒྱ་ནག་ནི་འཇར་མན་ན་ཙེ་གཞུང་གི་རྗེས་ནས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཞིག་བཙོན་འཇུག་འོག་འདས་གྲོངས་སུ་གཏོང་མཁན་དང་པོ་དེ་ཆགས་ཡོད་པ་རེད།

ཕྱི་ལོ་ ༢༠༡༤ ལོར་ཧོང་ཀོང་གི་སློབ་ཕྲུག་གཙོ་བོར་གྱུར་བའི་དམངས་གཙོ་དོན་གཉེར་བ་མི་གྲངས་སྟོང་ཕྲག་མང་པོ་ཧོང་ཀོང་སྲིད་གཞུང་གི་ལྟེ་གནས་གྲོང་ཁྱེར་དུ་འདུ་འཛོམས་ཀྱིས། ཉིན་གྲངས་ ༧༩ རིང་རྒྱུན་མ་ཆད་པར་ཁྲོམ་གཞུང་དུ་གུར་བརྒྱབས་ཏེ་ཞི་བའི་ཆར་གདུགས་གསར་བརྗེའི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་ཡོད་པ་དང་། ཕྱིས་སུ་རྒྱ་ནག་དང་ས་གནས་སྲིད་གཞུང་མཉམ་འབྲེལ་གྱི་ཐོག་ནས་ཉེན་རྟོག་པ་དང་དམག་མི་སྟོང་ཕྲག་མང་པོ་བཏང་སྟེ་བཙན་གྱིས་ལས་འགུལ་བ་རྣམས་མཐར་སྐྲོད་བཏང་ཡོད་པ་མ་ཟད། འདས་ལོར་ལས་འགུལ་གྱི་སྣེ་འཁྲིད་པ་སློབ་ཕྲུག་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་རང་ལོ་ ༢༡ ཡིན་པའི་ཅོ་ཧྲ་བོང་(Joshua Wong)དང་། ཚོགས་གཙོ་ཟུར་པ་རང་ལོ་ ༢༤ ཡིན་པ་ནཱ་ཐན་ལའོ(Nathan Law)། ཚོགས་གཞོན་རང་ལོ་ ༢༧ ཡིན་པ་ཨེ་ལི་ཁུ་སི་ཆའོ་ (Ales Chow)བཅས་འཛིན་བཟུང་བྱས་ཏེ། ཇོ་ཞ་ཝང་ལ་ཟླ་ ༦ དང་། ཨ་ལི་ཁུ་སི་ཆའོ་ལ་ཟླ་ ༧། ན་ཐན་ལོའོ་ལ་ཟླ་ ༨ བཅས་ཀྱི་ཁྲིམས་ཐག་བཅད། འདི་ལོའི་ཕྱི་ཟླ་དང་པོའི་ཚེས་ ༢༣ ཉིན་ཇོ་ཞ་ཝང་དང་ན་ཐན་ལོའོ་གཉིས་ལ་ཧོང་ཀོང་གི་དངུལ་ཁྲི་ ༥ རེ་སྤྲད་དེ་ཁེག་ཐེག་འོག་བཙོན་ཁང་ནས་ཀློད་ཡོད་འདུག ཡིན་ནའང་། ཨེ་ལི་ཁུ་སི་ཆའོ་ད་དུང་བཙོན་ཁང་དུ་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༢/༠༢

Leave a Reply

One thought on “ཧོང་ཀོང་རང་དབང་འཐབ་རྩོད་པར་ཞི་བདེའི་གཟེངས་རྟཊ་འབུལ་རོགས།