འགར་རྩེ་འཇིགས་མེད་ལཊ་བཙོན་གྲོལ་ཐོབ།

ཁ་སང་ཕྱི་ཚེས་ ༤ ཉིན་བཙན་པོའི་སྙིང་སྟོབས་ཞེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་གྲྭ་འགར་རྩེ་འཇིགས་མེད་ལགས་ཀྱི་བཙོན་འཇུག་དུས་ཡུན་ལོ་ ༥ རྫོགས་ཏེ་ཀློད་གྲོལ་བཏང་ཡོད་འདུག

འདི་གའི་གསར་འགོད་པས་དྷ་སར་གནས་སྡོད་འགར་གྱི་འབྲེལ་ཡོད་ཅིག་ལ་ཁོང་གི་གནས་སྟངས་ག་འདྲ་ཡོད་དྲིས་པར། ཁོང་བཙོན་གྲོལ་ཐོབ་ནས་ཕྱིར་རང་ཁྱིམ་དུ་ལོག་ཡོད་པ་ཙམ་ལས། ཁོང་གི་སྐུ་གཟུགས་ག་འདྲ་ཡོད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མ་སོང་ཞེས་བརྗོད་བྱུང་།

གྲྭ་འགར་རྩེ་འཇིགས་མེད་ལགས་ཀྱིས་ཕྱི་ལོ་༢༠༡༣ལོར་<<བཙན་པོའི་སྙིང་སྟོབས>>ཞེས་པའི་དཔེ་དེབ་ནང་བོད་ནང་གི་རང་ལུས་མེར་བསྲེགས་སྐོར་བརྗོད་གཞི་གཙོ་བོར་བཟུང་ནས་བྲིས་ཡོད་སྟབས། ལོ་དེའི་ཕྱི་ཟླ་དང་པོའི་ནང་རྒྱ་གཞུང་གིས་ཁོང་ཐེངས་གཉིས་ལ་འཛིན་བཟུང་བྱས་ཏེ་ཟི་ལིང་དུ་བཀག་ཉར་བྱས། ཕྱི་ལོ་༢༠༡༣ ཟླ་༥ ཚེས་ ༡༤ ཉིན་རྨ་ལྷོ་རྩེ་ཁོག་རྫོང་མི་མང་ཁྲིམས་ཁང་ཟེར་བ་དེས་སྤྱི་ཚོགས་བདེན་འཇགས་ལ་གནོད་སྐྱོན་བཏང་བའི་ཉེས་མིང་འོག ཁོང་ལ་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

རྩོམ་པ་པོ་འགར་རྩེ་འཇིགས་མེད་ལགས་ནི། རྨ་ལྷོ་རྩེ་ཁོག་རྫོང་དགོན་ཤུལ་སྒར་བ་ནས་སྐྱེས་ཏེ་ཆུང་དུས་ནས་འགར་རྩེ་དགོན་པའི་ཆོས་སྒོར་ཞུགས། སྔ་ཕྱིར་<གྲྭ་བ་པི་ཝང་ཅན་>དང་<ངུར་སྨྲིག་འཚོ་བའི་ཀློང་གི་ཕྱི་མིག་སོགས་དཔེ་དེབ་དང་རྩོམ་ཡིག་བརྒྱ་ལྷག་བོད་ནང་གི་དུས་དེབ་དང་ཚགས་པར་སོགས་སུ་བཀོད་མྱོང་ཞིང་། སློབ་གྲྭ་དང་དགོན་སྡེ་སོགས་སུ་གསུང་བཤད་མང་པོ་གནང་ཡོད་འདུག

འབྲེལ་ཡོད་གནས་ཚུལ་ཁགhttp://tibettimes.net/2013/01/10/105085/
http://tibettimes.net/2010/03/07/100344/
http://tibettimes.net/2013/05/19/105585/

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༢/༠༩

Leave a Reply