ཕ་རི་སིར་བོད་ཀྱི་ཡིག་ཟམ་ཚགས་པར་དབུ་འབྱེད་གནང་།

བོད་རིགས་གཞོན་སྐྱེས་དང་བླངས་བ་ཁག་ཅིག་གིས་ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་བོད་ཧྥ་སྐད་ཡིག་གཉིས་ལྡན་གྱི་བོད་ཀྱི་ཡིག་ཟམ་ཚགས་པར་ཞེས་པ་ཞིག་དབུ་འབྱེད་གནང་ཡོད་འདུག

དེ་རིང་ཕྱི་ཚེས་༦ ཉིན་གྱི་ཞོགས་པའི་ཆུ་ཚོད་༩ པ་ཙམ་ལ་ཧྥ་རན་སིའི་རྒྱལ་ས་ཕ་རི་སིའི་ཇ་ཁང་ཞིག་ཏུ། བོད་ཧྥ་སྐད་ཡིག་གཉིས་ལྡན་གྱི་<<བོད་ཀྱི་ཡིག་ཟམ>>ཞེས་པའི་ཚགས་པར་ཞིག་དབུ་འབྱེད་གནང་ཡོད་པ་དང་། མཛད་སྒོའི་ཐོག་བོད་ཀྱི་དུས་བབ་ཀྱི་ས་གནས་གསར་འགོད་པ་ཟླ་བ་ཚེ་རིང་དང་གསལ་ལེ་རྒྱལ།  བོན་རྒྱ་བསྟན་འཛིན་རབ་རྒྱས། བཀྲ་ཤིས་སྐྱིད་བཅས་ཀྱི་གཙོས་འབྲེལ་ཡོད་ལས་བྱེད་ཁག་ཅིག་འཛོམས་ཡོད་འདུག

བོད་ཀྱི་ཡིག་ཟམ་ཚགས་པར་ནི། ཕྱི་ལོ་༢༠༡༧ ལོའི་ཟླ་༡༠ པའི་ནང་ཧྥ་རན་སིའི་རྒྱལ་ཡོངས་དཔེ་མཛོད་ཁང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་པ་ཞིག་ཡིན་ཞིང་། སྐད་ཡིག་གཉིས་ལྡན་གྱི་ཚགས་ཤོག་འདིའི་དམིགས་ཡུལ་གཙོ་བོ་ནི་ཧྥ་རན་སིའི་བོད་རིགས་མང་ཚོགས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྐོར་གྱི་གོ་རྟོགས་སེལ་ཐབས་དང་། ཕྱི་རྒྱལ་མི་རིགས་ཚོར་བོད་ཀྱི་གནས་བབ་ངོ་སྤྲོད་ཞུ་ཆེད་དུ་ཡིན་འདུག་ལ། འདི་ནི་ཧྥ་རན་སིའི་ཡུལ་དུ་བོད་ཧྥ་ཟུང་འབྲེལ་ཐོག་བཏོན་པའི་ཟླ་རེའི་ཚགས་ཤོག་ཐོག་མ་དེ་ཡིན་འདུག

ཚགས་པར་འདི་ཕ་རི་སིར་གནས་སྡོད་བོད་ཡིག་ལ་དོ་སྣང་དང་དགའ་ཞེན་ཡོད་མཁན་བོད་མི་ཤེས་ཡོན་ཅན་ཁག་ཅིག་གིས་དང་བླངས་ཐོག་སྒེར་ངོས་ནས་འགྲོ་སོང་བཏང་སྟེ་འདོན་གྱི་ཡོད་པ་དང་། ཚགས་ཤོག་རྩོམ་སྒྲིག་ཁང་ལ་ཁྱོན་དང་བླངས་ལས་བྱེད་༨ ཡོད་པའི་ཁྲོད། དུས་བབ་ས་གནས་གསར་འགོད་པ་ཟླ་བ་ཚེ་རིང་དང་རྩོམ་པ་པོ་གསལ་ལེ་རྒྱལ་གཉིས་རྩོམ་སྒྲིག་འགན་འཛིན་དང་། བོན་རྒྱ་བསྟན་འཛིན་རབ་རྒྱས་དང་བཀྲ་ཤིས་སྐྱིད་གཉིས་རྩོམ་སྒྲིག་པ་བཅས་ཡིན་འདུག

བོད་ཀྱི་ཡིག་ཟམ་ཚགས་པར་སྤྱིའི་འདོན་ཐེངས་དང་པོའི་གསལ་བསྒྲགས་ནང་འཁོད་པ་ལྟར་ན། ཚགས་ཤོག་འདིའི་ལས་འགན་གཙོ་བོ་བོད་ཀྱི་ཆབ་སྲིད་གནད་དོན་དང་། ཆོས་དང་རིག་གཞུང་། ཁོར་ཡུག བྱིས་སྒྲུང་། དེ་བཞིན། ཧྥ་རན་སིའི་ཁྲིམས་ལུགས་ཤེས་བྱ་ངོ་སྤྲོད། སྐབས་དོན་གསར་འགྱུར་གལ་ཆེན་རིགས་བཅས་འདོན་སྤེལ་གནང་གི་ཡོད་འདུག་ལ། བོད་དོན་ཐད་ཀྱི་རྩོམ་པ་པོ་དང་ཉམས་ཞིབ་པ་ཁག་ཅིག་ལ་སྐབས་བསྟུན་གྱི་ས་མིག་ཀྱང་གོ་སྒྲིག་གནང་རྒྱུ་ཡིན་འདུག

དེ་རིང་ཚགས་པར་དབུ་འབྱེད་དང་འབྲེལ། གསར་འགོད་པས་རྩོམ་སྒྲིག་འགན་འཛིན་རྩོམ་པ་པོ་གསལ་ལེ་རྒྱལ་ལགས་སུ་བཅར་འདྲི་ཞུས་པ་ལྟར་ན། ཚགས་ཤོག་འདི་ནི་ཟླ་རེར་ཐེངས ༡ རེ་དང་འདོན་ཐེངས་རེར་ཤོག་ངོས་༨ ། ཚགས་པར་གྲངས་༡༠༠༠ ལྷག་པར་ཏེ། ཕ་རི་སིའི་དཔེ་མཛོད་དང་ཇ་ཁང་། དཔེ་ཁང་། དེ་བཞིན་ངོ་ཤེས་གྲོགས་པོ་བརྒྱུད་དེ་བོད་རིགས་དང་ཧྥ་རན་སིའི་མི་རིགས་གཉིས་གཙོ་བོར་གྱུར་བའི་བོད་ཡིག་དང་།  ཧྥ་རན་སིའི་སྐད་ཡིག་ཤེས་མཁན་གྱི་སྤྱི་ཚོགས་ནང་འགྲེམས་སྤེལ་གནང་རྒྱུ་དང་། རྒྱལ་ཁབ་གཞན་གྱི་ནང་སྐུ་ཚབ་དོན་གཅོད་ཁང་དང་བོད་རིགས་ཚོགས་པ་བརྒྱུད་ནས་འགྲེམས་སྤེལ་གནང་རྒྱུ་ཡིན་སྐོར་བརྗོད་བྱུང་།

མཇུག་ཏུ་ཁོང་ལ་ཚགས་པར་ལས་ཁུངས་དང་དྲ་རྒྱ་བཟོ་འཆར་ཡོད་མེད་དྲིས་པར། མ་འོངས་པར་དྲ་རྒྱ་བཟོ་རྒྱུའི་འཆར་གཞི་ཡོད་ཀྱང་། ལས་ཁུངས་འཛུགས་རྒྱུར་མི་རྒྱུ་གཉིས་ཐད་ནས་དཀའ་ལས་ཁག་པོ་ཡོད་དུས། ད་ལྟའི་ཆར་འཆར་གཞི་དེ་འདྲ་གང་ཡང་མེད་ཅེས་བརྗོད་བྱུང་།

ཕ་རི་སི་ནས་གཅན་ཚ་དཔལ་ལྡན་གྱིས་མཁོ་གཏོང་གནང་།

བསྐྱར་བཅོས།: ༢༠༡༨/༠༢/༠༦

Leave a Reply

5 thoughts on “ཕ་རི་སིར་བོད་ཀྱི་ཡིག་ཟམ་ཚགས་པར་དབུ་འབྱེད་གནང་།

  1. ཡག་པོ་རེད། ཕལ་ཆེར་ཨ་མདོ་ཞིག་འགོ་ཁྲིད་ཡོད་ན་མཇུག་སྐྱོང་ཐུབ་རྒྱུ་ཁག་པོ་རེད། ཉི་མ་ཞིག་ལ་སྒོ་རྒྱག་གི་རེད།

  2. སྲས་སྐུ་ངོ་།

    ཨ་མདོ་བ་ཚོ་མི་རིགས་དང་སྐད་ཡིག་ལ་ལ་རྒྱ་ཡོད་པ་དང་དུངས་ཞེན་ཡོད་པ་འདི་ཐོག་ནས་མཚོན་ཡོད། ཡིད་རངས་ཡོད་དང་རྒྱབ་སྐྱོར་ཡོད། རྒྱུན་སྐྱོང་ཡོང་བར་སྨོན།

  3. བོད་ཀྱི་ཚགས་པར་ཀློག་མཁན་་་ ༥༩ བོད་མི་ཉུང་ཤས་ཞིག དགོན་སྡེ་ཁག་གི་ གྲྭ་པ། ཨ་ནེ། གྲྭ་ལོག ཨ་ལོག TCV བོད་ཕྲུག་ཚོ་གང་འདྲ་ཡིན་ན་ ! ! ! ཨའུ་ཙི་མིན་འགྲོ། གཞན་མས་དཀའ་ལས་ཁག བོད་ཡིག་ཚགས་པར་ངོ་གདོང་ལ་སྦྱར་ན་དཀའ་མོ།