མུ་དྷི་མཆོག་གི་བཟའ་ཟླར་རླངས་འཁོར་བརྡབ་སྐྱོན་བྱུང་།

སྲིད་བློན་མུ་དྷི་མཆོག་གི་བཟའ་ཟླ་ཇཱ་ཤོ་ཌཱ་བྷིན་མུ་དྷི་ལགས་ལ་རླངས་འཁོར་བརྡབ་སྐྱོན་བྱུང་སྟེ་མོའི་གཉེན་ཉེ་གཅིག་རྐྱེན་འདས་དང་མོ་རང་ཚུད་པའི་མི་ཁག་ཅིག་ལ་རྨས་སྐྱོན་ཕོག་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཉིན་གུང་ཆུ་ཚོད་ ༡༢ མ་ཟིན་ཙམ་ལ་རྒྱ་གར་གྱི་མངའ་སྡེ་རཱ་ཇི་སི་ཐན་གྱི་མྱུར་སྐྱོད་གཞུང་ལམ་ཐོག རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གི་བཟའ་ཟླ་ལྕམ་ཇཱ་ཤོ་ཌཱ་བྷིན་མུ་དྷི་(Jashodaben Narendra Modi)ལགས་ཀྱི་རླངས་འཁོར་ལ་སྐྱེལ་འདྲེན་རླངས་འཁོར་ཞིག་གིས་བརྡུངས་ཏེ། ལྕམ་ཇཱ་ཤོ་ཌཱ་བྷིན་མུ་དྷི་ལགས་ཀྱི་གཉེན་ཉེ་ཞིག་རྐྱེན་འདས་སུ་ཕྱིན་པ་དང་། མོ་རང་དང་མོའི་སྐུ་སྲུང་བ། ཁ་ལོ་བ་བཅས་ལ་རྨས་སྐྱོན་ཕོག་ཡོད་ཀྱང་། ལྕམ་ཇཱ་ཤོ་ཌཱ་བྷིན་མུ་དྷི་ལགས་ལ་རྨས་སྐྱོན་ཆེན་པོ་བྱུང་མེད་འདུག

ས་གནས་ཉེན་རྟོག་པས་བརྗོད་ན། དོན་རྐྱེན་བྱུང་རྗེས་ཉེན་རྟོག་པས་ཁོ་ཚོ་ཚང་མ་འཕྲལ་དུ་ཉེ་འཁྲིས་ཀྱི་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་ཀྱང་། ལྕམ་ཇཱ་ཤོ་ཌཱ་བྷིན་ལགས་ཀྱི་སྤུན་མཆེད་ལ་སྨན་བཅོས་བྱེད་ཁོམ་མ་བྱུང་བར་འདས་གྲོངས་སུ་ཕྱིན་ཡོད་པ་དང་། རྨས་སྐྱོན་ཚབས་ཆེན་ཕོག་པའི་མི་གཉིས་ལ་ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ད་ལྟའི་ཆར་དོན་རྐྱེན་ཇི་ལྟར་བྱུང་བའི་བརྒྱུད་རིམ་དང་རྒྱུ་རྐྱེན་སོགས་གསལ་པོ་མེད་པས་མུ་མཐུད་ཞིབ་འཇུག་བྱེད་བཞིན་ཡོད་འདུག

སྲིད་བློན་ནཱ་རིན་ཌར་མུ་དྷི་མཆོག་དང་ལྕམ་ཇཱ་ཤོ་ཌཱ་བྷིན་མུ་དྷི་ལགས་གཉིས་ཕྱི་ལོ་ ༡༩༦༧ ལོར་ཕ་མའི་གོ་སྒྲིག་ལྟར་ཁྲིམས་མཐུན་གཉེན་སྒྲིག་བྱས་ཡོད་པ་དང་། སྐབས་དེར་སྲིད་བློན་མུ་དྷི་མཆོག་དགུང་ལོ་ ༡༧ དང་ལྕམ་ཇཱ་ཤོ་ཌཱ་བྷིན་མུ་དྷི་ལགས་དགུང་ལོ་ ༡༦ ཡིན་འདུག ཁོང་བཟའ་ཟླ་གཉིས་ཟླ་ ༣ རིང་མ་གཏོགས་མཉམ་དུ་བསྡད་མེད་ཀྱང་། ཕྱི་ལོ་ ༢༠༡༤ ལོར་མུ་དྷི་མཆོག་རྒྱ་གར་གྱི་སྲིད་བློན་འོས་མིར་བཞེངས་སྐབས། ཆབ་སྲིད་སོགས་ཀྱི་གནོན་ཤུགས་འོག་ཁོང་གིས་ལྕམ་ཇཱ་ཤོ་ཌཱ་བྷིན་མུ་དྷི་ལགས་ཁོང་གི་ཁྲིམས་མཐུན་བཟའ་ཟླ་ཡིན་པ་ཁས་ལེན་གནང་ཡོད་པར་བརྟེན། ལྕམ་སྐུ་དང་པོ་ཇཱ་ཤོ་ཌཱ་བྷིན་མུ་དྷི་ལགས་སུ་གཞུང་འབྲེལ་སྐུ་སྲུང་མི་སྣས་སྲུང་སྐྱོབ་བྱེད་ཀྱིན་ཡོད་འདུག

རྒྱ་གར་དང་རྒྱལ་སྤྱིའི་ཆབ་སྲིད་པའི་ཁྲོད་ན་སྲིད་བློན་མུ་དྷི་མཆོག་གིས་ཚོགས་ཆེན་སོགས་ཀྱི་ཐོག་ལྕམ་ཇཱ་ཤོ་ཌཱ་བྷིན་ལགས་ཁོང་དང་ལྷན་དུ་འཁྲིད་ཀྱི་མེད་སྟབས། ལྕམ་ཇཱ་ཤོ་ཌཱ་བྷིན་ལགས་སུ་རྒྱལ་ཁབ་ཀྱི་སྐུ་ལྕམ་དང་པོའི་མིང་ཙམ་ལས་མེད་སྐོར་བརྗོད་ཀྱི་ཡོད་པ་དང་། ཡང་ཁག་ཅིག་གིས་སྲིད་བློན་མུ་དྷི་མཆོག་བུད་མེད་ལ་དགའ་པོ་མེད་སྐོར་སོགས་བརྗོད་ཀྱི་ཡོད་པ་རེད།

ལྕམ་ཇཱ་ཤོ་ཌཱ་བྷིན་མུ་དྷི་ལགས་ནི་ཕྱི་ལོ་ ༡༩༥༢ ལོར་རྒྱ་གར་གྱི་མངའ་སྡེ་གྷུ་ཇི་ར་ཊིའི་ནང་སྐྱེས་ཤིང་། ད་ལྟ་དགུང་ལོ་ ༦༦ ཡིན་འདུག མོ་ནི་དགེ་རྒན་ཆེད་ལས་བ་ཞིག་ཡིན་པ་དང་། ད་ལྟ་ལས་གནས་ནས་རྒས་ཡོལ་ཞུས་ཏེ་རང་ཁྱིམ་དུ་ངལ་གསོ་བྱས་ནས་བསྡད་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༢/༠༨

Leave a Reply

One thought on “མུ་དྷི་མཆོག་གི་བཟའ་ཟླར་རླངས་འཁོར་བརྡབ་སྐྱོན་བྱུང་།

  1. གཞུང་པ་ཚེ་དབང་བསོད་ནམས་

    གནས་ཡུལ་རྒྱལ་ཁབ་ཀྱི་སྲིད་བློན་མཆོག་གི་ཟླ་
    གསུམ་གྱི་བཟའ་ཟླ་སྣུམ་འཁོར་གདོང་ཐུག་འོག་རྨས་རྐྱོན་ཕོག་པར་གདུང་སེམས་མཉམ་བསྐྱེད་ཞུ་གི་ཡོད་ལ་རྨས་སྐྱོན་ནས་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་ལམ་བཅས་།