ལྷོ་ཀོ་རི་ཡའི་དགུན་དུས་ཨོ་རྩལ་འགྲན་ཚོགས་མགོ་བཙུགས།

དེ་རིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐེངས་ ༢༣ པ་ལྷོ་ཀོ་རི་ཡའི་ནང་མགོ་བཙུགས་ཏེ་འཛམ་གླིང་གི་རྒྱལ་ཁབ་ ༩༣ ནས་རྩེད་འགྲན་པ་ ༢༩༥༢ ཀྱིས་རྩེད་རིགས་མི་འདྲ་བ་ ༡༠༢ ཐོག་འགྲན་སྡུར་བྱེད་བཞིན་ཡོད་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་ལྷོ་ཀོ་རི་ཡའི་ཕེ་ཡོ་ཆང་(Pyeong Chang)གྲོང་ཁྱེར་དུ། རྒྱལ་སྤྱིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐེངས་ ༢༣ པ་མགོ་འཛུགས་ཀྱིས་ཉིན་གྲངས་ ༡༧ ཙམ་རིང་རྩེད་རིགས་འགྲན་སྡུར་བྱེད་བཞིན་ཡོད་པ་དང་། ཐེངས་འདིའི་ཨོ་རྩལ་འགྲན་སྡུར་ནང་འཛམ་གླིང་རྒྱལ་ཁབ་ཁག་ ༩༣ ནས་ཡོང་བའི་རྩེད་འགྲན་པ་ ༢༩༥༢ ཀྱིས་རྩེད་མོའི་རིགས་མི་འདྲ་བ་ ༡༠༢ ཐོག་འགྲན་སྡུར་བྱེད་ཀྱི་ཡོད་འདུག  བརྒྱུད་ལམ་ནས་བརྗོད་པ་ལྟར་ན་ལྷོ་ཀོ་རི་ཡ་གཞུང་ནས་ཐེངས་འདིའི་འགྲན་ཚོགས་ཆེད་ཁྱོན་ཨ་སྒོར་ཐེར་འབུམ་ ༡༢ ལྷག་གཏོང་གི་ཡོད་པ་དང་། རྩེད་ར་མི་འདྲ་བ་ ༡༣ བཟོས་ཡོད་འདུག

འདི་ལོའི་ཨོ་རྩལ་འགྲན་ཚོགས་ནང་ཨེ་ཁོ་ཌོར་(Ecuador)དང་ཨེ་ར་ཊོ་རེ་ཡ(Eritrea)། ཁོ་སོ་ཝོ་(Kosovo)། མ་ལི་ཞི་ཡ། དེ་བཞིན། ནི་ཇི་རེ་ཡ་དང་སང་གྷ་པོར་བཅས་རྒྱལ་ཁབ་དྲུག་གསར་དུ་འཛུལ་ཞུགས་བྱས་ཡོད་པ་དང་། རྩེད་འགྲན་མགོ་འཛུགས་ཀྱི་མཛད་སྒོའི་ཐོག་ཀོ་རི་ཡའི་ལྷོ་བྱང་རྒྱལ་ཁབ་གཉིས་ཀྱི་རྩེད་འགྲན་པ་རྣམས་མཉམ་འབྲེལ་དར་ཆ་གཅིག་གི་འོག་རྩེད་ཐང་དུ་རུ་བསྒྲིགས་ཡོད་པ་དང་། བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་གྱི་སྲིང་མོ་ཀེམ་ཡོན་ནམ་གྱིས་སྣེ་འཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་དང་། རྩེད་འགྲན་པ་ ༢༢ བཅས་མཉམ་ཞུགས་བྱས་ཡོད་འདུག

དེ་སྔོན་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ནས་ཨུ་རུ་སུ་གཞུང་གིས་སོ་སོའི་རྩེད་འགྲན་པར་སྟོབས་སྐྱེད་སྨན་རྫས་སྤྲད་དེ་རྒྱལ་ཁ་རྩོད་ལེན་བྱས་ཡོད་པའི་ཉེས་ཆད་བཅད་ཡོད་སྟབས། ཐེངས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་ཨུ་རུ་སུའི་སྐུ་ཚབ་རྩེད་འགྲན་པ་གཅིག་ཀྱང་འཛུལ་ཞུགས་བྱེད་དུ་བཅུག་མེད་པ་རེད། འོན་ཀྱང་། ཨུ་རུ་སུ་ནི་གནམ་གཤིས་གྲང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པས་འཁྱག་རོམ་གྱི་རྩེད་འགྲན་པ་མང་པོ་ཡོད་སྟབས། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ནས་ཞིབ་འཇུག་བྱས་པ་བརྒྱུད། དེ་སྔོན་རྩེད་འགྲན་གྱི་སྒྲིག་ཁྲིམས་ལ་གཏན་ནས་འགལ་མྱོང་མེད་པའི་ཨུ་རུ་སུའི་རྩེད་འགྲན་པ་ ༡༦༩ ལ་འཛུལ་ཞུགས་ཀྱི་གོ་སྐབས་སྤྲད་ཡོད་འདུག དེ་མིན་ཨུ་རུ་སུའི་རྩེད་འགྲན་པ་ ༤༥ ལྷག་གིས་ཨོ་རྩལ་ནང་འཛུལ་ཞུགས་ཆོག་པའི་རེ་བ་བཏོན་ཡོད་ཀྱང་སྨན་རྫས་སྤྱོད་ཀྱི་ཡོད་པའི་ནག་ཉེས་འོག་གོ་སྐབས་སྤྲད་མེད་པ་རེད།

འདི་ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ནི་ཕྱི་ལོ་ ༡༩༩༤ ལོར་ནོར་ཝེའི་ནང་ཚོགས་པའི་ཨོ་རྩལ་རྗེས་ཀྱི་གནམ་གཤིས་གྲང་ཤོས་ཤིག་ཆགས་ཡོད་པ་དང་། གནམ་གཤིས་གྲང་མོ་དང་བསྟུན་ལྷོ་ཀོ་རི་ཡའི་ནང་(Norovirus)ཞེས་པའི་འགོས་ནད་ཅིག་ཁྱབ་བཞིན་ཡོད་སྟབས། ལྷོ་ཀོ་རི་ཡའི་གཞུང་ནས་རྩེད་འགྲན་པ་ཚོར་ནད་རིགས་དང་གཉན་ནད་རག་དུག་སོགས་སྔོན་འགོག་ཆེད་རིན་མེད་ཀྱིས་འགྱིག་ཤུབས་ ༡༡༠༠༠༠ མཁོ་སྤྲོད་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ བྷིར་ཛར་ཨོ་རྩལ་སྐབས་འགྱིག་ཤུབས་ ༤༥༠༠༠༠ དང་། དེ་བཞིན། ལོན་ཌོན་ཨོ་རྩལ་སྐབས་འགྱིག་ཤུབས་ ༡༥༠༠༠༠ མཁོ་སྤྲོད་བྱས་ཡོད་འདུག འགྱིག་ཤུབས་མཁོ་སྤྲོད་དེ་ཕྱི་ལོ་ ༡༩༨༨ ལོར་ལྷོ་ཀོ་རི་ཡའི་ཨོ་རྩལ་འགྲན་ཚོགས་སྐབས་ཐེངས་དང་པོར་བགོ་འགྲེམས་བྱས་ཡོད་པ་དང་། ད་ལན་རིན་མེད་ཀྱིས་མཁོ་སྤྲོད་བྱེད་ཀྱི་ཡོད་པ་དེ་ནི་བརྒྱུད་ལམ་ནས་དོ་སྣང་ཡོང་ས་ཞིག་དང་རྩེ་དགོད་ཀྱི་བརྗོད་གཞི་ལྟ་བུ་ཞིག་ཏུ་གྱུར་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༢/༠༩

Leave a Reply

One thought on “ལྷོ་ཀོ་རི་ཡའི་དགུན་དུས་ཨོ་རྩལ་འགྲན་ཚོགས་མགོ་བཙུགས།

  1. གཞུང་པ་ཚེ་དབང་བསོད་ནམས་

    རྩེད་རིགས་ལུས་རྩལ་མཐུན་འབྲེལ་བཟང་།
    རྩེད་རིགས་ལུས་རྩལ་རྒྱུ་ལུས་བདེ་།
    རྩེད་རིགས་ལུས་རྩལ་ཀུན་ལ་ཕན་།
    རྩེད་རིགས་ལུས་རྩལ་ཀུན་གྱི་བསྟོད་།