པེ་ཅིན་དུ་དམར་གསོད་དོན་རྐྱེན་བྱུང་།

རྒྱ་ནག་པེ་ཅིན་གྲོང་ཁྱེར་གྱི་མི་ཚོགས་ཆེས་ཆེ་བའི་ཚོང་ར་ཞིག་ཏུ་དམར་གསོད་དོན་རྐྱེན་བྱུང་བར་བརྟེན་བདེ་འཇགས་ལྟ་སྲུང་བ་ཁྲི་ ༧༠ ལྷག་འགྲེམས་འཇོག་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༡ ཉིན་པེ་ཅིན་གྱི་ཉིན་གུང་ ༡༡ ཡོལ་ཙམ་ལ། པེ་ཅིན་གྲོང་ཁྱེར་གྱི་མི་ཚོགས་ཆེས་ཆེ་བའི་ཞི་ཌན་སྤྲོ་སྐྱིད་མཁར་ཡུལ་གྱི་ཚོང་རའི་ནང་དུ། རང་ལོ་ ༣༥ ཡིན་པའི་སྐྱེས་པ་ཞིག་གིས་གང་བྱུང་འགྲུལ་བ་ཚོར་གྲི་ཡིས་བརྒྱབས་ཏེ། མི་གཅིག་བསད་པ་དང་མི་ ༡༢ ལ་རྨས་སྐྱོན་བཟོས་ནས་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་འདུག

དེ་རིང་པེ་ཅིན་ཉེན་རྟོག་ཁང་གིས། དམར་གསོད་དོན་རྐྱེན་བྱུང་མ་ཐག་ཉེན་རྟོག་པས་ལག་དམར་སྐྱེས་པ་དེ་འཛིན་བཟུང་བྱས་ཡོད་པ་དང་། མི་དེ་ཧི་ནན་ཞིང་ཆེན་ཞི་ཧྭ་རྫོང་ནས་ཡིན་ཞིང་། སྒེར་གྱི་གནད་དོན་ཞིག་གིས་དམར་གསོད་དོན་བསླངས་ཡོད་སྐོར་དང་། ཤི་རྨས་བྱུང་མཁན་ནི་བུད་མེད་ ༡༠ དང་སྐྱེས་པ་ ༣ ཡིན་པ་དང་། བུད་མེད་གཅིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པས་མྱུར་སྐྱོབ་བྱས་ཏེ་ཕན་ཐོགས་མ་བྱུང་བར་འདས་གྲོངས་སུ་གྱུར་ཡོད་ལུགས་བརྗོད་འདུག

དམར་གསོད་དོན་རྐྱེན་བྱུང་རྗེས། པེ་ཅིན་གྲོང་ཁྱེར་གྱི་མི་ཚོགས་ཆེ་བའི་ལྟེ་གནས་ཁག་གཙོ་བོར་གྱུར་བའི་གྲོང་ཁྱེར་ཡོངས་སུ་ཉེན་རྟོག་པ་དང་། དམག་མི་སོགས་མི་གྲངས་ཁྲི་ ༢༠ འགྲེམས་འཇོག་བྱས་ཏེ་ཉིན་མཚན་བསྟུད་མར་ལྟ་སྲུང་བྱེད་ཀྱི་ཡོད་པ་མ་ཟད། དེ་རིང་ཞོགས་པ་ནས་བཟུང་བདེ་འཇགས་ལྟ་རྟོག་པ་དཔུང་རྟགས་དམར་པོ་ཅན་དང་ཞྭ་དམར་ཅན། མཁར་ཁུལ་ཨ་ཅག་རུ་ཁག་སོགས་ནས་མི་གྲངས་ཁྲི་ ༧༠ བཀྲམས་ཏེ་ལྟ་སྲུང་བྱེད་ཀྱི་ཡོད་འདུག

སྤྱི་ཚོགས་དྲ་ལམ་ཁག་ཏུ་ལོ་སར་བསླེབ་ལ་ཉེ་བའི་གནད་འགག་གི་དུས་འདིར། ཚོང་ར་ཚང་མ་བདེ་འཇགས་མིན་པ་དེ་ནི་རྒྱ་ནག་གི་ད་ལྟའི་གནས་སྟངས་ཡིན་ལ། པེ་ཅིན་ཡང་བདེ་འཇགས་མིན་པས་སྤྱི་ཚོགས་ཧ་ཅང་འཇིགས་སུ་རུང་བ་ཞིག་ཡིན་སྟབས། གནད་དོན་འདི་གཞུང་ཕྱོགས་ནས་བརྗོད་པ་ལྟར་དེ་འདྲའི་ལས་སླ་བོ་ཞིག་མིན་སྐོར་དང་། ད་ལྟ་པེ་ཅིན་གྲོང་ཁྱེར་གྱི་གང་སར་ལྟ་སྲུང་བ་བཞག་སྟེ་ཐ་ན་ཁྱིམ་ཚང་གི་སྒོ་ཕྱིར་འབུད་པ་དང་། ས་གནས་ནས་ཡུལ་གཞན་ལ་འགྲོ་རྒྱུ་ལའང་ཞིབ་བཤེར་དགོས་པའི་ཚད་དུ་ལྷུང་ཉེན་ཡོད་པ་སོགས་བརྗོད་ཀྱི་ཡོད་པ་དང་། ད་ལྟའི་ཆར་དམར་གསོད་དོན་རྐྱེན་དེའི་སྐོར་ལ་རྒྱ་ནག་གཞུང་འབྲེལ་དྲ་ལམ་ནས་སྤེལ་བའི་གནས་ཚུལ་མ་གཏོགས་ཚོར་ཤུགས་ཆེ་བའི་གནས་ཚུལ་རིགས་གཞུང་ཕྱོགས་ནས་བཀག་འགོག་དང་ནག་གསུབ་གཏོང་གི་ཡོད་འདུག

རྒྱ་ནག་གི་དཔྱིད་གསར་དུས་ཆེན་བསླེབ་ལ་ཉེ་བ་དང་བསྟུན་འགྲིམ་འགྲུལ་ལྟེ་བ་དང་ཚོང་ར་སོགས་སུ་མི་ཚོགས་ཧ་ཅང་ཆེན་པོ་ཡོད་སྟབས། ཟླ་གཅིག་ཙམ་གྱི་སྔོན་ནས་བཟུང་རྒྱ་ནག་གཞུང་གིས་ལྟ་རྟོག་དང་དོགས་ཟོན་སྔར་ལས་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། སྲིད་གཞུང་གི་དགོས་མཁོའི་ཆེད་དོགས་ཡོད་མང་པོ་འཛིན་བཟུང་བྱེད་པའི་གོ་སྐབས་ཤིག་ཏུའང་གྱུར་ཡོད་སྟབས། ཉེས་ཅན་ངོས་འཛིན་ཐུབ་པར་བརྗོད་པའི་གློག་འཕྲུལ་མིག་ཤེལ་ནག་པོ་སོགས་བེད་སྤྱོད་བཏང་ནས་སྔར་ལྷག་གི་གྲ་སྒྲིག་བྱས་ཡོད་འདུག

བསྐྱར་བཅོས།: ༢༠༡༨/༠༢/༡༢

Leave a Reply