སེ་ར་ཕུར་མཇལ་ཞུས།

དེ་རིང་བོད་ཟླ་ ༡༢ པའི་ཚེས་ ༢༧ ཉིན་གྱི་ཞོགས་པར་རྒྱ་གར་ལྷོ་ཕྱོགས་ཀྱི་དགོན་སྡེ་དང་གཞིས་ཆགས་ཁག་ཅིག་གི་སེར་སྐྱ་མི་མང་གིས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་སེ་ར་ཕུར་མཇལ་ཞུས་ཡོད་འདུག

ལོ་རེའི་བོད་ཟླ་ ༡༢ པའི་ཚེས་ ༢༧ ཉིན་རྒྱ་གར་ལྷོ་ཕྱོགས་སེར་བྱེས་མཁས་སྙན་གྲྭ་ཚང་གིས། བོད་ནས་གདན་དྲངས་པའི་རག་ལས་གྲུབ་པའི་ཕུར་པ་ཁྲོ་ཞལ་གསུམ་པ་རྟ་མགོ་ཅན་བྱིན་རླབས་ཀྱི་ཚན་ཁ་གཞན་དང་མི་འདྲ་བ་དེ་ཉིད་ལ་ཕུར་མཇལ་གནང་བའི་ཕྱག་སྲོལ་བཟང་པོ་མ་ཉམས་རྒྱུན་འཛིན་གནང་བཞིན་ཡོད་པ་ལྟར། དེ་རིང་ཞོགས་པའི་ཆུ་ཚོད་ ༧ པ་ནས་ཀོ་ལི་གྷལ་དང་ཧོན་སོར་རབ་རྒྱས་གླིང་། སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་མི་མང་དང་ས་གནས་དགོན་སྡེ་ཁག་གི་བླ་གྲྭ་ཡོངས་ཀྱིས། སེར་བྱེས་གྲྭ་ཚང་གི་འདུ་ཁང་ནང་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕུར་པ་མཇལ་བའི་དུས་ཆེན་དེ་སེ་ར་ཕུར་མཇལ་ཞུས་ཡོད་པ་རེད།

སེ་ར་ཕུལ་མཇལ་གྱི་བྱུང་རིམ་ལོ་རྒྱུས་མདོ་བསྡུས་ནང་། སེར་བྱེས་གྲྭ་ཚང་གི་རྟེན་གཙོ་རྟ་མགྲིན་ཡང་གསང་ཡབ་ཡུམ་དང་། དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕུར་པ་འདི་གཉིས་ནི་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་གཞིས་ཀ་དཔལ་འབྱོར་ལྷུན་པོར་བཞུགས་སྐབས། ཡབ་རྟོགས་ལྡན་ཡོན་ཏན་མགོན་པོས་ཁྱེད་ཡི་དམ་འདི་དང་ཕུར་པ་འདིར་མ་བྲལ་བ་གྱིས་ཞེས་ཕུལ་བར་གྲགས། དེ་ཡང་དང་ཐོག་ཕུར་པ་འདི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱ་གར་བསིལ་བའི་ཚལ་གྱི་མཆོད་རྟེན་གྱི་དྲུང་ནས་གཏེར་དུ་བཞེས་པ་ཡི་དམ་གྱི་གཙོ་བོར་མཛད་ཅིང་། དུས་ཕྱིས་བོད་ཀྱི་ཆོས་རྒྱལ་ལ་དབང་རྒྱུད་གདམས་པ་དང་བཅས་པ་གནང་ནས་ལྷོ་ནུབ་སྲིན་པོའི་གླིང་དུ་ཕེབས་སྐབས་རྟ་མགྲིན་ཡང་གསང་གི་ཆོས་སྐོར་དང་ལྷན་ཅིག་ཡེར་བ་སེ་བ་ལུང་གི་བྲག་ལ་གཏེར་དུ་སྦས། དེའི་རྗེས་སློབ་དཔོན་ཆེན་པོས་རྗེས་སུ་བཟུང་ཞིང་། ས་དང་པོ་ཐོབ་པ་གྲུབ་ཐོབ་མདའ་འཕྱར་པ་ཆེན་པོས་གཏེར་ནས་བཞེས་ཤིང་གཙང་དུ་བྱོན་ནས་ས་སྐྱ་པཎ་ཆེན་སྐྱིད་གྲོང་དུ་ཕེབས་པ་དང་མཇལ། མདའ་འཕྱར་བས་ཞལ་འཆོལ་ནས་ཨོཾ་བཛྲ་ཀྱི་ལི་ཀྱི་ལ་ཡ་ཞེས་གསུངས་པ་ས་སྐྱ་པཎ་ཆེན་གྱིས་དེ་མ་དག །བཛྲ་ཀི་ལི་ཀི་ལ་ཡ་ཟེར་བ་ཡིན་གསུངས་པར་མདའ་འཕྱར་བས། སྔར་ཡང་བཛྲ་ཀྱི་ལི་ཡ། ད་ཡང་བཛྲ་ཀྱི་ལི་ཡ་སྔགས་མ་དག་ཀྱང་འདི་བཞིན་བྱེད་པ་ཡིན་གསུངས་ནས། བྲག་ལ་ཕུར་པ་བཏབ་པས་འདམ་ལ་ཟུག་པ་དང་ཁྱད་མེད་པ་བྱུང་བས། ས་སྐྱ་པཎ་ཆེན་གྱིས་ཁོང་གྲུབ་ཐོབ་ཏུ་མཁྱེན་ནས་མུ་སྟེགས་པ་དང་རྩོད་དུ་འགྲོ་བ་ཡིན་པས་དེའི་གྲོགས་སུ་ཁྱེད་འབྱོན་དགོས་གསུངས་ནས་མཉམ་དུ་ཕེབས། ས་སྐྱ་པཎ་ཆེན་དང་མུ་སྟེགས་པ་འཕྲོག་བྱེད་དགའ་བོ་གཉིས་བལ་བོད་ས་མཚམས་སུ་ཉིན་བཅུ་གསུམ་ལ་བརྩད་ནས། མཐར་ས་སྐྱ་པཎ་ཆེན་རྩོད་པ་ལས་རྒྱལ་ན་ཡང་གྲུབ་རྟགས་འགྲན་ཟེར་ནས་ནམ་མཁའ་ལ་འཕུར་བས། ས་སྐྱ་པཎ་ཆེན་གྱིས་མདའ་འཕྱར་བ་བོས་པས་ཁོང་གིས་ཕུར་པ་བཏབ་པས་མུ་སྟེགས་པ་བྱ་ལ་རྡོ་ཕོག་པ་བཞིན་ས་ལ་ལྷུངས་ཤིང་མུ་སྟེགས་པའི་རལ་པ་བྲེགས་ནས་དྲན་རྟེན་དུ་ཉར་བ་ས་སྐྱའི་གཙུག་ལག་ཁང་དུ་ཡོད།

རྗེས་སུ་མུས་སྲད་དུ་བྱོན་ནས་གཙུག་ལག་ཁང་གི་རྟེན་གཙོར་ཕུར་པ་འདི་བཞག་པ་རིམ་གྱིས་བརྒྱུད་དེ། རྟོགས་ལྡན་ཡོན་ཏན་མགོན་པོའི་ཕྱག་ཏུ་བྱུང་བ་རང་གི་སྲས་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེར་སྩལ། ཀུན་མཁྱེན་བློ་གྲོས་སེང་གེ་ནི་རྗེ་ཙོང་ཁ་པའི་དངོས་སློབ་རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས་ཀྱི་ཡ་གྱལ་ཡིན་པ་དེས་སེ་ར་ཐེག་ཆེན་གླིང་གི་མཁས་མང་བྱེས་པ་གྲྭ་ཚང་ཕྱག་བཏབ་ཅིང་། ཕུར་པ་དེ་ནང་རྟེན་དུ་བཞུགས། རྗེས་སུ་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ལྔ་བ་ཆེན་པོས་ཕུར་པ་དེ་འབྲས་སྤུངས་སུ་གདན་དྲངས་ཏེ། མི་མང་ལ་མཇལ་ཁ་བཏང་བ་དེ་ནས་ཕུར་མཇལ་གནང་བའི་སྲོལ་དར། དེའི་རྗེས་རྩེ་ཕོ་བྲང་ནས་མཇལ་ཁ་གནང་གི་ཡོད་ཀྱང་། ཕྱིས་སུ་ལོ་རེའི་བོད་ཟླ་ ༡༢ པའི་ཚེས་ ༢༧ ཉིན་སེར་བྱེས་མཁན་པོར་ཕུར་མཇལ་གནང་དུ་བཅུག་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༨/༠༢/༡༤

Leave a Reply