ཨུ་རུ་སུའི་གནམ་གྲུར་དོན་རྐྱེན་བྱུང་།

ཨུ་རུ་སུའི་ལྷོ་ཕྱོགས་ནས་ཤར་ཕྱོགས་སུ་བསྐྱོད་པའི་གནམ་གྲུ་ཞིག་ལ་བརྡབ་སྐྱོན་བྱུང་སྟེ་ནང་དུ་མི་གྲངས་ ༧༡ ཡོད་པ་ཚང་མ་རྐྱེན་འདས་སུ་ཕྱིན་ཡོད་འདུག

ཨུ་རུ་སུའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨུ་རུ་སུའི་ལྷོ་རྒྱུད་གྲོང་ཁྱེར་ཌུ་མུ་ཌི་ཌུ་ཝུ་གནམ་ཐང་ནས་ཤར་ཕྱོགས་གྲོང་ཁྱེར་ཨོར་སུག་(Orsk)ཏུ་འགྲོ་མཁན། གནམ་གྲུ་ཨང་རྟགས་(Antonov An-148)ཅན་ཞིག་འཕུར་སྐྱོད་བྱེད་བཞིན་པའི་སྐབས་སུ་གློ་བུར་དུ་ཆག་སྐྱོན་ཤོར་ཏེ་ས་ལ་ལྷུང་ཡོད་པ་དང་། གནམ་གྲུའི་ནང་ཡོད་པའི་འགྲུལ་བ་ ༦༥ དང་། གནམ་གྲུའི་ཁ་ལོ་བ་སོགས་ལས་བྱེད་ ༦ བཅས་ཁྱོན་མི་གྲངས་ ༧༡ ཡོད་པ་ཚང་མ་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ལགས་ཀྱིས། ཐེངས་འདིའི་ཆག་འཇིག་ཁྲོད་འདས་གྲོངས་སུ་ཕྱིན་པའི་འདས་པོ་རྣམས་ཀྱི་ཤུལ་ལུས་ནང་མི་དང་སྤུན་མཆེན་རྣམ་ལ་ངས་སེམས་གཏིང་ནས་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད། ཅེས་བརྗོད་ཡོད་པ་དང་། དེ་བཞིན་ཨ་རིའི་ཕོ་བྲང་དཀར་པོའི་ཐུགས་གསོའི་འཕྲིན་ཆུང་ནང་དུ་གནམ་གྲུའི་ནང་གི་འགྲུལ་བ་རྣམ་པ་དང་ལས་བྱེད་བཅས་ལ་ཡ་ང་བའི་དོན་རྐྱེན་བྱུང་བར་ང་ཚོ་སེམས་གཏིང་ནས་སྐྱོ་བྱུང་། ཨུ་རུ་སུའི་མི་མང་དང་གནོད་འཚེ་ཕོག་པའི་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད། ཅེས་བརྗོད་ཡོད་པ་རེད།

སི་ཨན་ཨན་གྱི་རྒྱལ་སྤྱིའི་གསར་འགྱུར་འབྲེལ་མཐུད་པ་མན་ཐི་ཝོ་ཆན་སི་(Mathew Chance)ལགས་ཀྱིས། ད་ལྟ་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་ནང་འདས་པའི་ལོ་ངོ་བཅུ་ཕྲག་འགའི་ནང་འབབ་མྱོང་མེད་པའི་ཁ་བ་མཐུག་པོ་བབས་ཡོད་སྟབས། གནམ་གཤིས་གནས་སྟངས་ནི་ཐེངས་འདིའི་གནམ་གྲུ་བརྡབ་སྐྱོན་བྱུང་དགོས་པའི་རྒྱུ་རྐྱེན་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད།

ཨུ་རུ་སུའི་གཞུང་ནས་ཉེས་དོན་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས། གནམ་གྲུར་ཆག་སྐྱོན་ཤོར་དགོས་པའི་རྒྱུ་རྐྱེན་གང་ཡིན་སོགས་ལ་གནམ་གྲུ་བརྡབ་སའི་ཡུལ་དངོས་དང་གནམ་གྲུའི་ཁེ་ལས་བཟོ་གྲྭ་བཅས་ལ་ཞིབ་འཇུག་བྱེད་ཀྱིན་ཡོད་པ་དང་། རྐྱེན་འདས་སུ་ཕྱིན་པའི་མི་༧༡ ནང་དུ་ལོ་ ༣ དང་ ༥ ། དེ་བཞིན་ལོ་ ༡༧ ཡིན་པའི་བྱིས་པ་གསུམ་ཡོད་འདུག

གནམ་གྲུ་(Antonov An-148)ཞེས་པ་ནི་ཕྱི་ལོ ༢༠༠༩ ལོར་ཡོ་ཁུ་རན་གྱིས་བཟོ་བཀོད་བྱས་པའི་ཨུ་རུ་སུའི་ས་གནས་གནམ་གྲུ་ཞིག་ཡིན་ཞིང་། ད་བར་གནམ་གྲུ་དེར་བརྡབ་སྐྱོན་བྱུང་བའི་རྒྱབ་ལྗོངས་སོགས་གང་ཡང་མེད་ཀྱང་། ཕྱི་ལོ་ ༢༠༡༥ ལོར་ཨུ་རུ་སུའི་གནམ་གྲུ་དོ་དམ་ལས་ཁུངས་ནས་གནམ་གྲུ་དེ་རྒྱལ་སྤྱིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཏུ་བསྒྱུར་བར་ཆ་རྐྱེན་ཚང་གི་མེད་པའི་དཀའ་ངལ་འོག་བཀག་འགོག་བྱས་ཡོད་འདུག

ཕྱི་ལོ་ ༢༠༡༦ ལོར་སི་རེ་ཡའི་ནང་དམག་གི་འཁྲབ་སྟོན་ཆེད་ཨུ་རུ་སུའི་དམག་མི་ ༩༢ གནམ་གྲུར་བསྡད་དེ་ཕྱིན་སྐབས་བརྡབ་སྐྱོན་བྱུང་ནས་ཚང་མ་རྐྱེན་འདས་སུ་ཕྱིན། ཕྱི་ལོ་ ༡༩༢༣ ལོར་ཨུ་རུ་སུའི་གནམ་གྲུ་ཆེ་ཤོས་ཤིག་ལ་བརྡབ་སྐྱོན་བྱུང་སྟེ་མི་གྲངས་ ༨༢༣༡ རྐྱེན་འདས་སུ་ཕྱིན་ཡོད་འདུག དེ་ནི་ཕྱི་ལོ ༡༩༤༦ ནས་ ༡༩༨༩ བར་ཨུ་རུ་སུའི་ནང་གནམ་གྲུའི་དོན་རྐྱེན་ཐེངས་ ༧༢༡ བྱུང་བའི་ཁྲོད་འདས་གྲོངས་སུ་ཕྱིན་པའི་མི་གྲངས་ལས་ལྡབ་ལྔ་ཡིས་མང་བ་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོར་ (Airline Ratings)ཞེས་པའི་གསར་ཁང་གི་གནས་ཚུལ་ལྟར་ན། འཛམ་གླིང་གི་གནམ་གྲུའི་དོན་རྐྱེན་ཆེ་ཤོས་ ༡༠ ཡི་ནང་ནས་ ༥ ཨུ་རུ་སུའི་གནམ་གྲུར་བྱུང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༢/༡༢

Leave a Reply

One thought on “ཨུ་རུ་སུའི་གནམ་གྲུར་དོན་རྐྱེན་བྱུང་།

  1. གཞུང་པ་ཚེ་དབང་བསོད་ནམས་

    ནང་པ་ཞིག་ཡིན་པའི་ཆ་ནས་ཨོམ་མ་ཎི་པདྨེ་ཧུང་་་་་་་་་་་་་་ཧྲི་།
    ཤུལ་དུ་ཡོད་པའི་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་ཡོད་།