རེ་བའི་གསེར་གྱི་གཟེངས་རྟཊ་ཕུལ།

བོད་ཀྱི་རིག་གནས་པ་ཆེན་མོ་ཨ་ལགས་དོར་ཞི་གདོང་དྲུག་སྙེམས་བློ་མཆོག་དང་དགེ་ལས་པ་བློ་བཟང་བརྩོན་འགྲུས་ལགས་གཉིས་ལ་སྐབས་གཉིས་པའི་རེ་བའི་གསེར་གྱི་གཟེངས་རྟགས་ཐོབ་ཡོད་འདུགཁ་སང་ཕྱི་ཚེས་ ༡༢ ཉིན་གྱི་དགོང་མོར་ཟི་ལིང་གྲོང་ཁྱེར་དུ་རེ་བའི་གསེར་གྱི་གཟེངས་རྟགས་འབུལ་བའི་མཛད་སྒོ་བསྡུས་ཡོད་པ་དང་། འདི་ལོའི་རེ་བའི་གསེར་གྱི་གཟེངས་རྟགས་དེ་བོད་ཀྱི་རིག་གནས་པ་ཆེན་མོ་ཨ་ལགས་དོར་ཞི་རིན་པོ་ཆེ་མཆོག་དང་དགེ་ལས་པ་སྐུ་ཞབས་བློ་བཟང་བརྩོན་འགྲུས་ལགས་གཉིས་ལ་ཕུལ་ཡོད་པ་དང་། མཛད་སྒོའི་ཐོག་བོད་ཀྱི་གཞས་པ་གྲགས་ཅན་ཤེལ་བསྟན་དང་སྒྲོལ་མ་སྐྱབས། བདེ་སྐྱིད་ཚེ་རིང་། གླུ་མ་ནམ་མཁའ་མཚོ་དང་གནམ་མཚོ་སོགས། དེ་བཞིན་རེ་བའི་བུ་ཁང་གི་གླུ་བ་གླུ་མ་རྣམས་ཀྱིས་གླུ་ལེན་གར་རྩེད་བྱས་ཡོད་འདུག

གཟེངས་རྟགས་འབུལ་བའི་མཛད་སྒོའི་ཐོག་ཨ་ལགས་དོར་ཞི་མཆོག་དགུང་ལོ་མཐོ་བའི་དབང་གིས་དངོས་སུ་ཕེབས་ཐུབ་མེད་ཀྱང་། སྐུ་སྲས་ཚེ་བརྟན་དབང་ཕྱུག་ལགས་ཀྱིས་ཁོང་གི་ཚབ་ཞུས་ཏེ་བྱ་དགའི་རྟགས་མ་བླངས་པ་ཡོད་དང་། ཨ་ལགས་དོར་ཞི་རིན་པོ་ཆེ་མཆོག་ནས་རེ་བའི་གསེར་གྱི་གཟེངས་རྟགས་ཕུལ་བར་བརྙན་ལམ་ནས་གསུང་བཤད་གནང་ཡོད་འདུག་ལ། བོད་ཀྱི་རྩོམ་པ་པོ་དང་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་ཨ་ལགས་ཁོང་གི་ལོ་རྒྱུས་མཛད་འཕྲིན་སྒྲོགས་སྦྱངས་གནང་ཡོད་འདུག དེ་བཞིན་རེ་བའི་དགེ་ལས་གསེར་གྱི་གཟེངས་རྟགས་ཐོབ་པའི་སྐུ་ཞབས་བློ་བཟང་བརྩོན་འགྲུས་ལགས་མཛད་སྒོའི་ཐོག་དངོས་སུ་ཕེབས་ཏེ་རྟགས་མ་བླངས་ཡོད་འདུག

རེ་བའི་གསེར་གྱི་གཟེངས་རྟགས་ནི་མཚོ་སྔོན་ཡུལ་ཤུལ་རེ་བའི་ཚོང་ཁྲོམ་ཚད་ཡོད་མཐུན་གཉེར་ཁང་དང་མཚོ་སྔོན་ཡུལ་ཤུལ་རེ་བའི་བུ་ཁྱིམ་ཁང་གཉིས་ཀྱིས་བཙུགས་པའི་བོད་ཁུལ་གྱི་ཆེས་མཐོའི་བྱ་དགའ་ཐོག་མ་དེ་ཆགས་ཡོད་པ་དང་། རེ་བའི་གསེར་གྱི་གཟེངས་རྟགས་ལ་སློབ་གསོ་དང་རིག་གནས། དགེ་ལས། དཔལ་འབྱོར་བཅས་རྣམ་གྲངས་མི་འདྲ་བ་བཞི་ཡོད་པ་དང་། རིག་གནས་གསེར་གྱི་གཟེངས་རྟགས་ལ་རྩོམ་རིག་སྒྱུ་རྩལ་དང་ལོ་རྒྱུས། ཆོས་ལུགས། དམངས་ཁྲོད་སྒྱུ་རྩལ་སོགས་འདུས་ཡོད་པ་དང་། དགེ་ལས་གསེར་གྱི་གཟེངས་རྟགས་ལ་དཀར་པོ་དགེ་བའི་ལས་དང་སྐྱེ་ཁམས་ཁོར་ཡུག བོད་ཀྱི་གསོ་རིག་སོགས་ལ་བྱས་རྗེས་ཆེ་བ་རྣམས་ལ་འབུལ་གྱི་ཡོད་འདུག

གསེར་གྱི་གཟེངས་རྟགས་ཐོག་མི་སྣ་དངོས་ཀྱི་དབུ་བརྙན་འབུར་དུ་དོད་ཅིང་མཚན་བརྐོས་ཡོད་པ་དང་། རྟགས་མ་དང་མཉམ་དུ་རྒྱ་སྒོར་ཁྲི་ ༡༠ རེ་འབུལ་གྱི་ཡོད་པ་དང། གཟེངས་རྟགས་དེ་ལོ་གཉིས་རེའི་ནང་ཐེངས་གཅིག་དང་ཐེངས་རེར་རིགས་ཚན་གཉིས་དུ་ཕྱེས་ནས་འབུལ་གྱི་ཡོད་འདུག་ལ། ཕྱི་ལོ་ ༢༠༡༥ ལོའི་རེ་བའི་གསེར་གྱི་གཟེངས་རྟགས་སྐབས་དང་པོ་ནི་བོད་ཀྱི་སློབ་གསོ་བ་ཆེན་མོ་ར་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ལ་ཕུལ་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༢/༡༣

Leave a Reply

2 thoughts on “རེ་བའི་གསེར་གྱི་གཟེངས་རྟཊ་ཕུལ།