སུན་ཀྲིན་ཚེ་ཡི་ནག་ཉེས་ར་འཕྲོད་བྱུང་སོང་ཟེར།

རྒྱ་ནག་ཁྲུང་ཆེན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཟུར་པ་སུན་ཀྲིན་ཚའེ་ཡི་ནག་ཉེས་ཞིབ་བཤེར་ར་འཕྲོད་བྱུང་ཞིང་རྒྱ་ནག་རྒྱལ་ཁབ་ཆ་འཕྲིན་ལས་སྒྲུབ་ཁང་གི་མགོ་འཁྲིད་ཟུར་པ་ལུའུ་ཝེ་ལ་ཞིབ་བཤེར་བྱ་རྒྱུ་ཡིན་འདུག

ཟླ་འདིའི་ཕྱི་ཚེས་༡༣ཉིན་རྒྱ་ནག་ཐེན་ཅིན་མི་མང་ཁྲིམས་ཁང་ཡན་ལག་དང་པོས། རྒྱ་ནག་ལྷོ་ནུབ་ཁྲུང་ཆིན་(Chongqing)གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་དང་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་མི་ཟུར་པ་སུན་ཀྲིན་ཚའེ་ཡིས་ལྐོག་རྔན་མང་པོ་བླངས་ཡོད་པ་ར་འཕྲོད་བྱུང་སྐོར་ཕྱིར་བསྒྲགས་བྱས་འདུག

ཕྱི་ལོ་ ༢༠༡༧ ཟླ་ ༧ པའི་ཚེས་ ༡༤ ཉིན་སུན་ཀྲིན་ཚའེ་(Sun Zhengcai)རྒྱ་ནག་དབུས་གཞུང་གིས་པེ་ཅིན་དུ་འབོད་འགུག་བྱས་ཏེ་དགོང་མོ་དེར་གསོལ་མགྲོན་ཁང་ཞིག་ཏུ་གློ་བུར་བཀག་ཉར་བྱས་ཡོད་པ་དང་། ཕྱི་ཚེས་ ༡༥ ཉིན་ཁོའི་ཚབ་ཏུ་ཀེའུ་ཀྲུའུ་དམར་ཤོག་དྲུང་ཆེ་ཁྲིན་མིན་ཨིར་(Chen Miner)་བསྐོ་བཞག་བྱས་པ་ཁྱབ་བསྒྲགས་བྱས་ཡོད་པ་རེད། སྐབས་དེར་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་སུན་ཀྲིན་ཚའེ་ཡིས་དབང་ཆ་ལོག་སྤྱོད་ཀྱིས་རང་ཉིད་ལ་ཁེ་ཕན་བསྐྲུན་པ་མ་ཟད། ཁོས་རྒྱ་ནག་དམར་ཤོག་ཚོགས་པའི་གསང་བ་ཕྱིར་གྱར་དང་དབང་ཆ་སྒེར་སྤྱོད་བྱས་ཡོད་པའི་ཉེས་འཛུགས་འོག རྒྱ་ནག་མི་མང་ཆེས་མཐོའི་ཁྲིམས་ཁང་གིས་ཞིབ་བཤེར་བྱས་ཡོད་པ་རེད།

རྒྱ་ནག་གཞུང་འབྲེལ་ཤིན་ཧྰ་དྲ་བས་གནས་ཚུལ་ལྟར་ན། སུན་ཀྲིན་ཚའེ་ཡི་ཉེས་དོན་ལ་རྒྱ་ནག་མི་མང་ཆེས་མཐོའི་ཁྲིམས་ཁང་གིས་ཞིབ་བཤེར་གཙང་བཟོ་བྱས་རྗེས། ཐེན་ཅིན་མི་མང་ཁྲིམས་ཁང་གི་ཡན་ལག་དང་པོར་རྩིས་སྤྲོད་བྱས་ཡོད་སྐོར་བརྗོད་འདུག ཡིན་ན་ཡང་ཐེངས་འདིའི་ཉེས་དོན་ནང་སུན་ཀྲིན་ཚའེ་ཡིས་ལྐོག་རྔན་བླངས་ཡོད་ཚུལ་ལས་ཉེས་འཛུགས་གཞན་གང་ཡང་འཁོད་མེད་པ་རེད།

སུན་ཀྲིན་ཚའེ་ནི་རྒྱ་ནག་གི་སྲིད་འཛིན་སྔོན་མ་ཧུའུ་ཅིན་ཐའོ་དང་ཝུན་ཆ་པོ་སོགས་ཀྱིས་སྐྱེད་སྲིང་བྱས་པའི་དཔོན་རིགས་རེ་བ་ཅན་ཞིག་ཡིན་ཡང་གློ་བུར་དུ་ལྐོག་རྔན་རུལ་སུངས་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་རེད། གནད་དོན་དེའི་ཆབ་སྲིད་དཔྱད་བརྗོད་པ་ཀྲང་ལི་ཧྥན་(Zhang Lifan)གྱིས་སུན་གྱི་ཉེས་དོན་ནི་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཅིག་ཡིན་པ་རེད། ཅེས་བརྗོད་འདུག

གཞན་ཡང་། དེ་རིང་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱ་ནག་རྒྱལ་ཁབ་ཆ་འཕྲིན་ལས་སྒྲུབ་ཁང་གི་མགོ་འཁྲིད་ཟུར་པ་ལུའུ་ཝེ(Lu Wei)ལ་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག་དམར་ཤོག་ཚོགས་ཁུངས་ནས་ཕྱིར་འཕུད་བཏང་ཡོད་པ་དང་། མི་རིང་བར་ཁོ་ལ་ཁྲིམས་བཤེར་བྱ་རྒྱུ་ཡིན་འདུག

ཕྱི་ལོ་༢༠༡༢ ་ལོ་ནས་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྟགདང་སྦྲང་མར་འཐབ་རྩོད་ཀྱི་ལྐོག་ཟ་རུལ་སུངས་གཙང་བཟོའི་ལས་འགུལ་སྤེལ་བ་ནས་ད་བར་རྒྱ་ནག་ནང་མི་གྲངས་ས་ཡ་༡།༤ ལྷག་ལ་ཞིབ་བཤེར་ཉེས་ཆད་ཕོག་ཡོད་པ་དང་། གཙང་སེལ་ཁྲོད་རྒྱ་ནག་གི་མཐོ་རིམ་མགོ་འཁྲིད་༣༠༠ མ་ཟིན་ཙམ་དང་ཉུང་མཐར་དམག་དཔོན་སོགས་དམག་དོན་སྲི་ཞུའི་ལས་བྱེད་ ༡༣༠༠༠ ཙམ་ཚུད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༢/༡༣

Leave a Reply