བྱང་ཀོ་རི་ཡ་སྲུང་སྐྱོབ་ཆེད་དུ་རྒྱ་ནག་གིས་དམག་འཁྲུག་བརྒྱབ་སྲིད།

བྱང་ཀོ་རི་ཡ་སྲུང་སྐྱོབ་ཆེད་དུ་རྒྱ་ནག་གིས་དམག་འཁྲུག་བརྒྱབ་སྲིད་ལ། རྡུལ་ཕྲན་མཚོན་ཆ་ཡང་བེད་སྤྱོད་བྱེད་སྲིད་པ་རེད།

རྩོམ་པ་པོ། རོ་བར་ཊི་ ཕཱར་ལེ། Robert Farley
སྒྱུར་མཁན།  ཡེ་ཤེས་དོན་གྲུབ།

ལོ་གསུམ་སྔོན་ངས་གལ་སྲིད་རྒྱ་ནག་དང་ཨ་རི་གཉིས་དབར་དམག་འཁྲུག་ཤོར་ཚེ་གནས་སྟངས་གང་འདྲ་ཆགས་མིན་རགས་དབྱིབས་ཞིག་བྲིས་པ་ཡིན། ཨ་རི་དང་རྒྱ་ནག་གཉིས་དབར་ཐེ་ཝན་དང་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་ལ་རྩོད་རྙོག་དེ་ད་ཆ་ཞི་འཇམ་ཆགས་མེད་ཀྱང་། ཀོ་རི་ཡའི་ཐོག་ལ་ཕན་ཚུན་དམག་འཁྲུག་ཡོང་ཉེན་ཆེ་བའི་རྟགས་མཚན་མངོན་གསལ་ཆེ་རུ་འགྲོ་བཞིན་ཡོད། གལ་སྲིད་ལྷོ་བྱང་ཀོ་རི་ཡ་གཉིས་དབར་གྱི་འཁྲུག་འཛིང་དེའི་རྐྱེན་ལས་ཨ་རྒྱ་གཉིས་དབར་དམག་འཁྲུག་ལངས་ཚེ། དམག་འཁྲུག་འགོ་ཚུགས་སྟངས་གང་འདྲ་སེ་ཚུགས་སམ། སུ་ལ་ཁེ་ཕན་ཐོབ་བམ། མཐར་དམག་འཐབ་དེ་མཚམས་གང་འདྲ་སེ་ཆོད་དམ།དམག་འཁྲུག་འགོ་ཚུགས་སྟངས།
བྱང་ཀོ་རི་ཡ་དང་ཨ་རི་གཉིས་དབར་དམག་འཁྲུག་ལངས་ཚེ་དེའི་རྐྱེན་ལས་ཨ་རི་དང་རྒྱ་ནག་གཉིས་བར་དམག་འཁྲུག་འབྱུང་སྲིད་པ་ལས། ཨ་རྒྱ་གཉིས་དམག་འཁྲུག་ལངས་པའི་རྐྱེན་ལས་བྱང་ཀོ་རི་ཡ་དང་ཨ་རི་གཉིས་དབར་དམག་འཁྲུག་ཤོར་གྱི་མ་རེད། འོན་ཀྱང་ཨ་རིས་རྒྱ་ནག་ལ་དམག་འཐབ་བྱེད་བཞིན་པའི་སྐབས་བྱང་ཀོ་རི་ཡས་གོ་སྐབས་དེ་བཟུང་ནས་ལྷོ་ཀོ་རི་ཡ་ལ་དམག་བརྒྱབ་སྲིད་དང་མི་སྲིད་བརྗོད་དཀའ། སྤྱིར་བཏང་ཚོད་དཔག་བྱས་ན་རྒྱུན་ལྡན་དུ་རྒྱ་ནག་གིས་སོ་སོའི་འཆར་གཞི་དང་མཐར་ཁེ་ཕན་འཐོབ་རེ་ཡོད་ན་ཕ་རོལ་ལ་དྲག་རྒོལ་བྱེད་ཀྱི་ཡོད། དེ་ལྟར་ཡང་གལ་ཏེ་བྱང་ཀོ་རི་ཡ་དང་ཨ་རི་གཉིས་དབར་དམག་འཁྲུག་དེའི་རྐྱེན་པས་རྒྱ་ནག་དང་ཨ་རི་གཉིས་དབར་དམག་འཁྲུག་ཤོར་བ་ཡིན་ན། དམག་འཁྲུག་གི་གནས་སྟངས་མི་འདྲ་བ་ཞིག་ཆགས་ཀྱི་རེད། དེ་ཡང་ཐོག་མར་རྒྱ་ནག་ལ་འདོད་མོས་དང་གྲ་སྒྲིག་མེད་བཞིན་དུ་དམག་འཁྲུག་ནང་ཞུགས་པ་དང་། དེའི་དབང་གིས་ཨ་རིར་རྒྱ་ནག་ལ་ཁ་གཏད་གཅོག་པའི་དམག་དཔུང་གྲ་སྒྲིག་བྱ་རྒྱུའི་གོ་སྐབས་སྤྲོད་ཀྱི་ཡོད། དེས་ན་གནས་སྟངས་འདི་འདྲའི་འོག་གལ་སྲིད་རྒྱ་ནག་ཕྱོགས་ནས་དང་པོ་ཨ་རི་ལ་དམག་དྲངས་ཀྱང་ཨ་རིས་སྔོན་ཚུད་ནས་དམག་གྲ་སྒྲིག་ཨང་གསར་བྱས་ཡོད་ཅིང་། རྒྱ་དམག་གི་བྱ་སྤྱོད་ཚང་མར་ཞིབ་ལྟ་བྱས་ཏེ་ཚུར་རྒོལ་བྱས་ན་འཕྲལ་དུ་རྒོལ་ལན་སློག་གི་རེད། དེ་ཡང་སྔར་ཕྱི་ལོ ༡༩༥༠ ཟླ་ ༡༡ ནང་ཀོ་རི་ཡའི་དམག་འཁྲུག་སྐབས་རྒྱ་ནག་གིས་བྱང་ཀོ་རི་ཡའི་རྒྱབ་རྩར་གློ་བུར་དུ་དམག་འཁྲུག་ནང་ཞུགས་ཏེ་ལྷོ་ཀོ་རི་ཡའི་ཕྱོགས་གཏོགས་ལ་དྲག་རྒོལ་བྱས་ཡོད་པར་བརྟེན། ཨ་རིའི་དམག་དཔོན་ཚོས་སྔར་གྱི་ཉམས་མྱོང་ཐོག་ནས་སྔོན་ཚུད་ནས་དམག་གྲ་སྒྲིག་བྱེད་ངེས་རེད།

རྒྱ་ནག་གིས་གནས་སྟངས་མི་འདྲ་བ་གཉིས་ཀྱི་འོག་ཀོ་རི་ཡའི་དམག་འཁྲུག་ནང་འཛུལ་ཞུགས་བྱེད་ཀྱི་རེད། དེ་ཡང་ཆ་རྐྱེན་གཅིག་ནི། གལ་སྲིད་ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་བཟུང་སྦྲེལ་ཐོག་བྱང་ཀོ་རི་ཡ་རྩ་མེད་བཟོ་ཉེན་ཡོད་པ་མཐོང་ན་ (སྔར་ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་ཀོ་རི་ཡའི་དམག་འཁྲུག་ནང་གློ་བུར་དུ་འཛུལ་བ་ལྟར།) རྒྱ་ནག་གིས་བྱང་ཀོ་རི་ཡ་སྲུང་སྐྱོབ་ཆེད་དུ་དམག་འཁྲུག་ནང་ཞུགས་སྲིད། ཆ་རྐྱེན་གཉིས་པ་དེ་ནི། དམག་འཁྲུག་དེའི་ནང་བྱང་ཀོ་རི་ཡ་ལ་རྒྱལ་ཁ་ཐོབ་པའི་རེ་བ་ཆེན་པོ་ཡོད་ཚེ། རྒྱ་ནག་གིས་ཨ་རིའི་དྲག་རྒོལ་ནུས་ཤུགས་ཆུང་རུ་གཏོང་ཆེད་ཨ་རི་ལ་དམག་བརྒྱབ་ཀྱི་རེད། གནས་སྟངས་དང་པོ་དེའི་འོག་རྒྱ་ནག་གིས་དམག་འཁྲུག་ནང་ཞུགས་རྒྱུའི་དམིགས་ཡུལ་ནི་ཨ་རིར་བྱང་ཀོ་རི་ཡ་རྩ་གཏོར་གཏོང་མ་བཅུག་པར་སྲུང་སྐྱོབ་བྱ་རྒྱུ་དང་། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་གཏོང་རྒྱུར་བཀག་འགོག་བྱ་རྒྱུའི་ཆེད་དུ་རེད།

གནས་སྟངས་གཉིས་པ་དེའི་འོག་རྒྱ་ནག་གིས་དམག་འཁྲུག་ནང་ཞུགས་རྒྱུའི་དམིགས་ཡུལ་ནི། ཀོ་རི་ཡའི་གླིང་ཕྲན་ཡོངས་རྫོགས་སམ་གང་རུང་ཐོག་ལ་བྱང་ཀོ་རི་ཡ་ལ་ཁེ་དབང་ཐོབ་པའི་ཆེད་དུ་དང་། ཨ་རིའི་རྡུལ་ཕྲན་མཚོན་ཆའི་དྲག་ཤུགས་ཆུང་རུ་གཏོང་རྒྱུའམ་བཀག་འགོག་བྱ་རྒྱུའི་ཆེད་དུ་ཡིན། གང་ལྟར་གནས་སྟངས་ག་འདྲ་ཞིག་གི་འོག་རྒྱ་ནག་གིས་དམག་འཁྲུག་བྱས་པ་ཡིན་ནའང་། ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་སྔ་ས་ནས་དམག་གྲ་སྒྲིག་བྱས་ཟིན་ཡོད་པ་དང་རྒྱ་དམག་གི་དམག་བྱུས་དང་བྱ་སྤྱོད་ལ་དོ་སྣང་གང་ཟབ་བྱེད་ཀྱི་རེད།

ཕྱོགས་གཏོགས་རྒྱལ་ཁབ།
རྒྱལ་སྤྱིའི་ཐོག་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀ་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་ཤས་ལས་མེད་ལ། ཨུ་རུ་སུ་བར་གནས་སུ་ཡོད་ཀྱང་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ལ་དམག་གི་ལག་ཆ་དང་མཁོ་ཆས་ཐོག་ལ་རོགས་རམ་གང་ཐུབ་བྱེད་སྲིད། དེ་མིན་རྒྱལ་ཁབ་གཞན་རྣམས་ཀྱིས་ཕལ་ཆེར་ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ལ་རྒྱབ་སྐྱོར་བྱེད་སྲིད། དེ་ཡང་གལ་སྲིད་ཨ་རིས་དམག་འཁྲུག་བསླང་པ་ཡིན་ན། ཁོང་ཚོས་ཨ་རི་ལ་རྒྱབ་སྐྱོར་ཉུང་བ་བྱེད་ཅིང་། གལ་སྲིད་བྱང་ཀོ་རི་ཡས་དམག་འཁྲུག་འགོ་བཙུགས་པ་ཡིན་ན། ཁོང་ཚོས་ཨ་རི་ལ་རྒྱབ་སྐྱོར་ཤུགས་ཆེ་བ་བྱེད་ཀྱི་རེད། སྐབས་དེར་རྒྱ་ནག་གིས་རང་ཉིད་ཀྱི་ལྷོ་ནུབ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དོ་སྣང་དང་སེམས་ཚབས་བྱེད་ངེས་རེད། རྒྱ་གར་ལ་མཚོན་ན། རྒྱ་གར་རང་ཉིད་ཀྱི་ཕན་གནོད་ལ་ཐད་ཀར་འབྲེལ་བ་མེད་ཚེ་འཐབ་འཛིང་གང་རུང་ནང་ཐེ་བྱུས་བྱེད་ཀྱི་མེད། ཨ་རིའི་ཕྱོགས་གཏོགས་ནུབ་ཕྱོགས་རྒྱལ་ཁབ་དག་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་ཁག་གིས་ཨ་རི་ལ་བསྟོད་བསྔགས་བྱེད་པ་དང་དམག་རོགས་ཕྲན་བུ་བྱེད་སྲིད།

དམག་འཁྲུག་དེའི་ནང་ཉི་ཧོང་མཉམ་ཞུགས་བྱེད་སྲིད་མིན་ནི་དྲི་བ་གནད་འགག་ཅིག་རེད། ཉི་ཧོང་ལ་མཚོན་ན། བྱང་ཀོ་རི་ཡ་དང་རྒྱ་ནག་གཉིས་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་པ་དེ་ཉི་ཧོང་རྒྱལ་ཁབ་ཀྱི་བདེ་སྲུང་ལ་ཉེན་ཁ་ཆེན་པོ་ཡིན་པ་ཚོར་གྱི་ཡོད། ལྷོ་བྱང་ཀོ་རི་ཡ་གཉིས་ཕན་ཚུན་དམག་འཁྲུག་བྱེད་སྐབས་བྱང་ཀོ་རི་ཡས་ཞོར་ལ་ཉི་ཧོང་ལའང་གནོད་སྐྱོན་བཟོ་ཡི་ཡོད་པར་བརྟེན། ཉི་ཧོང་གིས་ཨ་རི་ལ་དམག་རོགས་བྱེད་པ་མ་ཟད། ལྷོ་ཀོ་རི་ཡ་ལའང་མངོན་མེད་ཐོག་དམག་རོགས་བྱེད་ཀྱི་རེད། གལ་ཏེ་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ལ་རྒྱལ་ཁ་འཐོབ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་ན་ཉི་ཧོང་གིས་ཨ་རིའི་ཕྱོགས་སུ་ལངས་ནས་དམག་འཁྲུག་ནང་ཞུགས་ཀྱི་རེད། དེ་ལྟར་བྱུང་ན་ཉི་ཧོང་གི་དམག་དང་དཔལ་འབྱོར་སྟོབས་ཤུགས་ཀྱིས་དམག་འཐབ་དེར་ཤུགས་རྐྱེན་ཆེན་པོ་སྤྲོད་ངེས་རེད།

ཞིབ་ཏུ་བལྟས་ན་ལྷོ་ཀོ་རི་ཡ་ནི་བྱང་ཀོ་རི་ཡ་ལས་སྟོབས་ཤུགས་ཆེ་བ་ཡོད།   བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡ་ལ་གནོད་སྐྱོན་གཏོང་ཐུབ་ཀྱང་རྩ་མེད་བཟོ་མི་ཐུབ།   གལ་ཏེ་བྱང་ཀོ་རི་ཡའི་བརྡ་འཕྲིན་བརྒྱུད་ལམ་དང་དམག་གི་བསྟི་གནས་ཁག་ལ་གཏོར་སྐྱོན་བཏང་ཚེ་བྱང་ཀོ་རིའི་དམག་དཔུང་ལ་དཀའ་ངལ་ཚབས་ཆེ་འཕྲད་རྒྱུ་དང་། དམག་འཁྲུག་ལངས་འཕྲལ་ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ཀྱི་མཁའ་དམག་གིས་གནམ་ཐོག་ནས་དྲག་རྒོལ་ཤུགས་ཆེ་བྱས་ཏེ་མཁའ་དམག་ནུས་མེད་བཟོ་ཉེན་ཡོད།

ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་དེའི་ནང་རྒྱ་ནག་འཛུལ་ཚེ་དམག་འཁྲུག་གི་རྣམ་པ་མི་འདྲ་བ་ཞིག་ཆགས་ཀྱི་རེད། ཨ་རིས་ལྷོ་ཀོ་རི་ཡའི་སྲུང་སྐྱོབ་ཆེད་དུ་ཀོ་རི་ཡ་གླིང་ཕྲན་ཁུལ་དུ་དམག་དཔུང་འཕོན་ཆེ་གཏོང་འཛུགས་དགོས་པར་བརྟེན་ཨ་རི་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་རེད། དེ་མ་ཟད་རྒྱ་དམག་གིས་ལྷོ་ཀོ་རི་ཡར་མེ་ཤུགས་འཕུར་མདའ་འཕངས་ཏེ་ཨ་རི་དང་ལྷོ་ཀོ་རི་ཡའི་དམག་སྒར་དང་དམག་མཁོའི་བསྟི་གནས་ལ་གཏོར་སྐྱོན་བྱེད་པ་དང་། དེ་བཞིན་ཨ་རི་དང་ལྷོ་ཀོ་རི་ཡའི་མཁའ་དམག་གི་བསྟི་གནས་ལ་གཏོར་སྐྱོན་བཏང་སྟེ་དགྲ་བོའི་མཁའ་དམག་གི་ནུས་པ་ཉམས་རྒུད་དུ་གཏོང་གི་རེད།

ཀོ་རི་ཡའི་དམག་འཁྲུག་དང་པོའི་ནང་ཨ་རིས་རྒྱ་ནག་ལ་ཐད་ཀར་དྲག་རྒོལ་མ་བྱས་པར་ཟོན་བྱས་ཡོད་ཀྱང་། ད་ལྟའི་དམག་འཁྲུག་སྐབས་ཨ་རིས་སྔར་ལྟར་བཟོད་བསྲན་མི་བྱེད་ཅིང་། ཨ་རིས་མཁའ་དམག་དང་། མེ་ཤུགས་འཕུར་མདའ། མཚོ་དམག་བཅས་ཀྱིས་རྒྱ་ནག་ནས་ལྷོ་ཀོ་རི་ཡར་དམིགས་འབེན་དུ་བཟུང་པའི་མེ་ཤུགས་འཕུར་མདའ་ཆ་ཚང་གཏོར་ཕམ་གཏོང་སྲིད། ཨ་རིིའི་མཚོ་དམག་གིས་རྒྱ་ནག་གི་མཚོ་དམག་ལས་སླ་པོའི་ངང་ཕམ་ཉེས་གཏོང་བ་མ་ཟད། རྒྱ་ནག་ནང་ཁུལ་གྱི་མཁའ་དམག་སྒར་སོགས་དམག་གི་བསྟི་གནས་རྣམས་ལའང་གཏོར་སྐྱོན་གཏོང་སྲིད།

མཐར་དམག་འཁྲུག་མཚམས་འཇོག་ཇི་ལྟར་བྱེད་དམ།
སྤྱིར་བཏང་ཚོད་དཔག་བྱས་ན། རྒྱ་ནག་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དང་། རྫས་སྦྱོར་མཚོན་ཆ། དུག་སྲིན་མཚོན་ཆ་བེད་སྤྱོད་བྱ་རྒྱུར་བཀག་འགོག་གང་ཐུབ་བྱེད་ཀྱི་ཡོད། ཨ་རིས་ཐོག་མ་ནས་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་མཉམ་འབྲེལ་གྱིས་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་ཚེ། རྒྱལ་ཁབ་དེ་གཉིས་ངན་འབྲེལ་ཡིན་པར་ངོས་འཛིན་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་པར་བརྟེན། ཨ་རིས་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀར་རྒོལ་ལན་སློག་གི་རེད།

གལ་སྲིད་ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཕན་ཚུན་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་མ་བྱས་པའི་ཐོག་ནས་དམག་འཁྲུག་མཚམས་འཇོག་བྱས་ན། མཐའ་མཇུག་ནི་བྱང་ཀོ་རི་ཡའི་གནས་བབ་ལ་ཐུག་ཡོད། ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་བཟུང་འབྲེལ་གྱི་དྲག་ཤུགས་ལ་བྱང་ཀོ་རི་ཡས་རྒྱུན་རིང་གདོང་ལེན་བྱེད་མི་ཐུབ། ལྷག་པར་དུ་ཉི་ཧོང་ཨ་རི་དང་ལྷོ་ཀོ་རི་ཡའི་ཕྱོགས་སུ་ལངས་ན་དེ་བས་ཀྱང་བྱང་ཀོ་རི་ཡར་དཀའ་ངལ་འཕྲད་ཀྱི་རེད། གལ་སྲིད་རྒྱ་ནག་གིས་དྲག་པོའི་ཐོག་ནས (ཨ་རི་དང་བྱང་ཀོ་རི་ཡའི་དམག་གི་བསྟི་གནས་ལ་གཏོར་སྐྱོན་བཏང་སྟེ་) ཨ་རི་ལ་གནོན་ཤུགས་སྤྲད་དེ་དམག་འཁྲུག་མཚམས་འཇོག་མི་བྱེད་ཀ་མེད་བཟོ་བའམ། ཡང་ན་ཨ་རི་ལ་གུན་གསབ་དངུལ་འཕོན་ཆེ་སྤྲད་དེ་དམག་འཁྲུག་མཚམས་འཇོགས་བྱ་རྒྱུར་སྐུལ་མ་བྱས་ཚེ་བྱང་ཀོ་རི་ཡ་རྩ་ཐོར་དུ་མི་འགྲོ་བར་སྲུང་སྐྱོབ་བྱེད་ཐུབ་རྒྱུ་མ་ཟད། ཀོ་རི་ཡ་གླིང་ཕྲན་ཐོག་བྱང་ཀོ་རི་ཡ་ལ་ཁེ་དབང་ཐོབ་ཐུབ། བྱང་ཀོ་རི་ཡ་ལ་ཁེ་དབང་ཅི་ཙམ་འཐོབ་སྲིད་པ་ནི་རྒྱ་ནག་གིས་བར་འདུམ་བྱེད་པའི་དུས་ཚོད་དང་ནུས་པ་ཆེ་ཆུང་ལ་རག་ལུས་ཡོད། འོན་ཀྱང་རྒྱ་ནག་གིས་དེ་ལྟར་བྱེད་མ་ཐུབ་ཚེ་བྱང་ཀོ་རི་ཡ་རྩ་ཐོར་འགྲོ་རྒྱུ་དང་ལྷོ་ཀོ་རི་ཡ་རྒྱ་ཆེ་རུ་ཕྱིན་ཏེ་རྒྱ་ནག་གི་ས་མཚམས་ལ་ཐུག་གི་རེད།

ཚོད་དཔག་དང་པོ་དེར་མཚོན་ན། སྐབས་དེར་རྒྱལ་སྤྱིའི་གནས་སྟངས་ད་ལྟ་གང་ཡིན་པ་ལྟར་རང་འཇགས་ཡིན་པ་དང་། ཨེ་ཤི་ཡ་བྱང་ཤར་ཁུལ་དུ་གཏོར་སྐྱོན་ཚབས་ཆེ་ཕོག་ཡོད་ཅིང་རྒྱལ་སྤྱིའི་དཔལ་འབྱོར་དང་དཔལ་འབྱོར་ལམ་ལུགས་ལ་ཉམས་ཆགས་གཏོང་གི་ཡོད། ཚོད་དཔག་གཉིས་པ་དེར་རྒྱལ་སྤྱིའི་གནས་སྟངས་ནི་གོང་དུ་བརྗོད་པ་ལྟར་དཔལ་འབྱོར་ཐད་གནོད་སྐྱོན་ཆེན་པོ་ཕོག་ཀྱང་རྒྱ་ནག་ཁྱོན་ཡོངས་ལ་མངོན་གསལ་ཐོག་གྱོང་གུད་ཆེན་པོ་ཕོག་རྒྱུ་ཡིན་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་དབང་ཐང་ལ་དོ་ཕོག་འབྱུང་རྒྱུ་བརྗོད་མི་དགོས།

མཐའ་དོན། དམག་འཁྲུག་འདིའི་ནང་རྒྱ་ནག་ལ་རྒྱལ་ཁ་ཐོབ་རྒྱུ་ཧ་ལམ་རེ་བ་མེད་ཀྱང་། རྒྱ་ནག་གིས་བྱང་ཀོ་རི་ཡ་འཐོར་ཞིག་ཏུ་མི་འགྲོ་བར་སྲུང་སྐྱོབ་བྱེད་ཐུབ་པ་རེད། འོན་ཀྱང་། བྱང་ཀོ་རི་ཡས་ཐོལ་བྱུང་དུ་བསླངས་པའི་དམག་འཁྲུག་དེའི་ནང་རྒྱ་ནག་གིས་རང་ཉིད་ཀྱི་དྲག་ཤུགས་བེད་སྤྱོད་བྱེད་སྲིད་དམ། འདི་ནི་དྲི་བ་གལ་ཆེན་པོ་ཞིག་རེད། གལ་སྲིད་རྒྱ་ནག་ལ་རྒྱལ་ཁ་ཐོབ་པའི་དབང་དུ་བཏང་ཡང་རྒྱལ་སྤྱིའི་སྟེང་ཚོང་འབྲེལ་དང་དཔལ་འབྱོར་འབྲེལ་ལམ་ཐོག་གྱོང་གུད་ཆེན་པོ་ཕོག་རྒྱུ་ཡིན་པ་ནི་ཁ་གསལ་རེད། གྱོང་གུད་དེ་ནི་བྱང་ཀོ་རི་ཡ་སྲུང་སྐྱོབ་བྱས་པའི་རིན་ཐང་ལས་ཆེ་བ་ཡོད། དེ་བས་རྒྱ་ནག་གིས་དམག་འཁྲུག་དེར་ཐེ་བྱུས་བྱེད་འདོད་མེད་ཅིང་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་བྱུང་ན་མ་གཏོགས་དེ་མིན་དམག་འཁྲུག་ནང་ཞུགས་མི་སྲིད།

མ་རྩོམ་དྲྭ་ཐག http://nationalinterest.org/blog/the-buzz/china-could-wage-bloody-war-save-north-korea-it-could-go-23859

རྩོམ་པ་པོ་རོ་བར་ཊི་ ཕཱར་ལེ་ (Robert Farley) ལགས་ནི། རྒྱལ་དོན་ཨ་རིའི་ཀེན་ཊ་ཀི་གཙུག་ལག་སློབ་གཉེར་ཁང་ (University of Kentucky) གི་པེ་ཊར་སོན་ཕྱི་འབྲེལ་དང་རྒྱལ་སྤྱིའི་ཚོང་དོན་སློབ་གྲྭ་ (Patterson School of Diplomacy and International Commerce) ཞེས་པའི་མཐོ་སློབ་དེར་དགེ་རྒན་གནང་གི་ཡོད། ཁོང་གིས་དམག་འགྲུའི་དེབ་(The Battleship Book )ཞེས་པའི་དེབ་ཅིག་བརྩམས་ཡོད།

བསྐྱར་བཅོས།: ༢༠༡༨/༠༢/༡༣

Leave a Reply

One thought on “བྱང་ཀོ་རི་ཡ་སྲུང་སྐྱོབ་ཆེད་དུ་རྒྱ་ནག་གིས་དམག་འཁྲུག་བརྒྱབ་སྲིད།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཕྱོགས་གཏོགས་ཆབ་སྲིད་སྤྱི་ཚོགས་བདེ་འཇག་གཏོར་།
    འགོ་འདྲེན་རིང་ལུགས་སྤྱི་ཚོགས་དྲང་བདེན་བཀག་།
    ཉེ་སྐྱོར་ཕྱོགས་ལྷུང་སྤྱི་ཚོགས་དཀྲུག་མཁན་མང་།
    ཨ་རྒྱའི་ཆབ་སྲིད་བདུག་སྦྲུལ་ཀོབ་ར་འདྲ་།
    ཁ་ནང་ཚུད་ན་མཐར་བའི་སྒོ་སྐབས་མེད་།
    སྤྱང་སྒྲུང་འཛོམ་ཤིག་དྲང་བདེན་མི་རིགས་ཚོ་།