ཨ་རིའི་གྲོས་ཚོཊ་འཐུས་མིས་དོན་གྲུབ་དབང་ཆེན་ལཊ་ལ་ཐུག་འཕྲད་གནང་།

དེ་རིང་ཕྱི་ཚེས་ ༡༤ ཉིན་བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ལ་ཨ་རིའི་གྲོས་ཚོགས་སུ་ཉན་ཞིབ་གནང་གི་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༩ ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བོད་དོན་དྲིལ་བསྒྲགས་ཆེད་ཕེབས་འབྱོར་བྱུང་ཡོད་པ་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་ཁོང་ཨ་རིར་བདེ་འབྱོར་གྱིས་ནང་མི་མཉམ་འཛོམས་བྱུང་བ་དང་། མིང་དོན་མཚུངས་པའི་རང་དབང་ཐོབ་པར་བཀྲིས་བདེ་ལེགས་ཀྱི་འཚམས་འདྲིའི་གསོལ་སྟོན་ཞིག་གྲ་སྒྲིག་གནང་ཡོད་པ་དང་། འཚམས་འདྲིའི་གསོལ་སྟོན་ཏོག་སྐུ་ཚབ་དོན་ཁང་གི་ལས་བྱེད་རྣམས་དང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་དང་། ཨ་རི་བོད་སྐད་རླུང་འཕྲིན་ཁང་གི་འགན་འཛིན་བཅས་ཝ་ཤིང་ཊོན་སྒྲི་སིལ་ཁུལ་གྱི་གཞུང་དང་། གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་རྣམས་མཉམ་ཞུགས་གནང་ཡོད་འདུག

སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ནས་འཚམས་འདྲིའི་གསོལ་སྟོན་གྱི་གོང་ལ་དོན་གྲུབ་དབང་ཆེན་ལགས་ཟུར་དུ་མཇལ་སྟེ་ཞིབ་ཕྲའི་བཀའ་མོལ་གནང་ཞིང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཕྱག་རོགས་ཇི་དགོས་གང་ཐུབ་ཞུ་རྒྱུ་ཡིན་པས་དེ་དོན་ནང་ལྷུག་ཏུ་གསུང་གནང་ཡོང་བའི་དགོངས་པ་གསལ་སྟོན་གནང་བ་དང་འབྲེལ་དཀར་གཙང་གི་མཇལ་དར་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་རྟགས་འཁོད་པའི་ས་ཁྱི་ལོའི་ལོ་གསར་གྱི་ཤིས་ཤོག་དང་། ༧གོང་ས་མཆོག་གི་མཛད་པ་མཚོན་པའི་ ༢༠༡༨ ལོའི་ལོ་ཐོ་གནང་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་འཚམས་འདྲི་མཚོན་པ་གནང་ཡོད་འདུག

འཚམས་འདྲིའི་གསོལ་སྟོན་ཐོག་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས། དོན་གྲུབ་དབང་ཆེན་ལགས་ཀྱིས་རང་ཉིད་ཡོངས་སུ་བློས་བཏང་གིས་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱིས་མངོན་འདོད་གསལ་པོར་མཚོན་པའི་གློག་བརྙན་འཇིགས་བྲལ་བཟོ་སྐྲུན་གནང་བ་འདིས་རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་ལ་ཧ་ཅང་གི་ཕན་ཐོགས་ཆེན་པོ་བྱུང་ཡོད། དེའི་རྐྱེན་གྱིས་ཁོང་རྒྱ་གཞུང་བཙོན་ཁང་ནང་དཀའ་སྡུག་ཚད་ལས་འདས་པ་མྱངས་དགོས་བྱུང་ཡང་། རྒྱལ་སྤྱིའི་གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་མིའི་སྒྲིག་འཛུགས་བཅས་ཀྱིས་གང་ཐུབ་འབད་བརྩོན་གནང་བར་བརྟེན། ད་ལྟ་དངོས་སུ་རང་དབང་ཐོབ་སྟེ་ཨ་རིའི་ལུང་པར་ནང་མི་མཉམ་འཛོམས་བྱུང་བ་ནི་བོད་མི་ཙམ་མ་ཟད། བོད་ཀྱི་བདེན་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་ཚང་མ་དགའ་འོས་པ་ཞིག་ཡིན། ཞེས་གསུངས་སྟེ། དོན་གྲུབ་དབང་ཆེན་ལགས་ཀྱིས་གཙོས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་སྐུ་ངལ་བཀྱོན་མཁན་གཞིས་བཞུགས་བོད་མི་རྣམས་ཀྱི་སྙིང་སྟོབས་ལ་ཚད་མཐོའི་གདེང་འཇོག་གནང་།

དོན་གྲུབ་དབང་ཆེན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཡ་གྱལ་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་དེ་རིང་གུས་པར་ཆེ་བསྟོད་ཀྱི་གསོལ་སྟོན་གྲ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཡོང་རྒྱུ་བསྡད་པའི་ཉིན་ཤས་ནང་གྲོས་ཚོགས་སུ་ཉན་ཞིབ་དང་། གྲོས་ཚོགས་ཀྱི་འཐུས་མི་མཇལ་འཕྲད་སོགས་ཀྱི་སྐབས་བོད་ནང་གི་གནས་སྟངས་དང་། རང་ཉིད་བཙོན་དུ་བསྡད་རིང་གི་མྱོང་ཚོར་དངོས་རྣམས་འགྲེལ་བརྗོད་ཞིབ་ཕྲ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག

ཕྱི་ཚེས་ ༡༣ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༤ པའི་ཐོག་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་ཇེམ་སི་མེག་གྷོ་ཝིན་(James McGovern)མཆོག་གིས་ཁོང་གི་ལས་ཁུངས་སུ་དོན་གྲུབ་དབང་ཆེན་ཟུར་མཇལ་སྣེ་ལེན་གནང་ཞིང་། གདན་ཞུས་ལྟར་བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་། རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་མ་ཐེའོ་མ་ཁཱ་སི། འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། དོན་གྲུབ་དབང་ཆེན་ལགས་ཀྱི་ལས་རོགས་སུད་སིར་གནས་སྡོད་འཇམ་དབྱངས་ཚུལ་ཁྲིམས་ལགས། ལོན་ཌོན་དུ་གནས་སྡོད་བདེ་ཆེན་སྤེན་པ་ལགས་བཅས་མཉམ་ཞུགས་གནང་ཡོད་འདུག

སྐབས་དེར་གྲོས་ཚོགས་འཐུས་མི་ཇེམ་སི་གྷོ་ཝིན་མཆོག་གིས་ཐོག་མར་དོན་གྲུབ་དབང་ཆེན་ལགས་བདེ་ཐང་ངང་ཨ་རིར་ཕེབས་ཐུབ་པར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུས་པ་དང་འབྲེལ། བོད་དང་བོད་མིར་རྒྱབ་སྐྱོར་ཞུ་རྒྱུ་ནི་ངའི་དམ་བཅའ་ཡིན། ཁོང་དང་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་སྔ་ལོར་རྒྱ་ནག་དང་། བོད་དུ་ཕེབས་སྐབས་ཐུག་འཕྲད་བྱུང་བའི་རྒྱ་དཔོན་རྣམས་ལ་ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་ག་དུས་ཡིན་རུང་༧གོང་ས་མཆོག་ལ་རྒྱབ་སྐྱོར་ཡོད་པ་དང་། བོད་མི་མང་གི་བདེ་སྡུག་ལས་དབང་ལ་སེམས་འཁུར་དང་བོད་མི་མང་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་ནན་བརྗོད་གནང་བའི་སྐོར་དང་། ད་དུང་ཡང་ག་རེ་བྱེད་ཐུབ་ཡག་ཡོད་མེད་གསུང་རོགས་གནང་ཞེས་བོད་དང་བོད་མིར་སེམས་གཏིང་ནས་གདུང་སེམས་མཉམ་བསྐྱེད་དང་། རྒྱབ་སྐྱོར་ཡོད་པའི་རྣམ་པ་ཤུགས་ཆེན་བསྟན་གནང་ཡོད་པ་དང་། སྐུ་ཚབ་དོན་གཅོད་ལགས་ནས་གོ་སྐབས་འདི་བརྒྱུད་རིང་མིན་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་བསྐོང་ཚོགས་གནང་གི་ཡོད་པ་དེའི་སྐབས་སྐུ་ཞབས་ཇེམ་སི་མེག་གྷོ་ཝིན་མཆོག་ཕེབས་གནང་ཡོང་བའི་གདན་ཞུ་གནང་ཞིང་། གལ་སྲིད་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་འདུའི་སྐབས་དང་འཁེལ་ནས་ཕེབས་མ་ཐུབ་པ་བྱུང་ཚེ། བརྙན་འཕྲིན་གྱི་གསུང་འཕྲིན་གནང་སྐྱོང་ཡོང་བའི་རེ་སྐུལ་ཡང་གནང་ཡོད་པ་རེད།

སྐབས་དེར་དོན་གྲུབ་དབང་ཆེན་ལགས་ནས་སྐུ་ཚབ་ཇེམ་སི་མེག་གྷོ་ཝིན་མཆོག་གིས་དབུས་ཨ་རིའི་གྲོས་ཚོགས་ཀྱིས་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་གི་ཡོད་པ་དང་། ལྷག་པར་དུ་ཇེམ་སི་མེག་གྷོ་ཝིན་མཆོག་ནས་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་གི་ཡོད་པ་ང་སོགས་བོད་མི་མང་གིས་གསལ་པོ་ཤེས་ཀྱི་ཡོད། ང་རང་རང་དབང་ལུང་པར་སླེབས་ཐུབ་ཡོད་ཀྱང་། ད་དུང་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་དང་། གཞིས་ལུས་མི་མང་གི་བདེ་སྡུག་སླད་སྔར་ལས་ཤུགས་ཆེ་བའི་རྒྱབ་སྐྱོར་གནང་རོགས་གནང་། དེ་ནི་གཞིས་ལུས་མང་ཚོགས་ཀྱི་རེ་བ་ཡིན་ཞེས་བརྗོད་ཡོད་འདུག

དེ་རིང་ཕྱི་ཚེས་ ༡༤ ཉིན་དོན་གྲུབ་དབང་ཆེན་ལགས་ལ་གྲོས་ཚོགས་སུ་ཉན་ཞིབ་དང་། དེའི་རྗེས་བོད་དོན་རྒྱབ་སྐྱོར་བ་ལྕམ་ནན་སི་པི་ལོ་སི་(Nancy Pelosi )མཆོག་ནས་དོན་གྲུབ་དབང་ཆེན་ལགས་ལ་གྲོས་ཚོགས་སུ་སྣེ་ལེན་གནང་གི་ཡོད་པ་དང་།་སྐབས་དེར་སྐུ་ཚབ་དོན་གཅོད་གདན་ཞུས་ལྟར་ཕེབས་གཏན་འཁེལ་ཡོད་འདུག

ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ནས་བོད་ནང་གི་གནས་སྟངས་དངོས་མཚོན་པའི་གློག་བརྙན་འཇིགས་བྲལ་བཟོ་སྐྲུན་གནང་བའི་རྐྱེན་གྱིས་རྒྱ་ནག་གི་བཙོན་དུ་ཚུད་ནས་རང་གི་ལུས་ཐོག་ཏུ་དཀའ་སྡུག་དངོས་སུ་མྱངས་བ་རྣམས་བཙན་བྱོལ་བོད་མི་རྣམས་ཀྱིས་ཤེས་རྟོགས་ཐུབ་པའི་ཆེད། ཨ་རིའི་ནིའུ་ཡོག་དང་། མི་ནི་སུད་ཌར་སོགས་བྱང་ཨ་རིའི་བོད་རིགས་འདུས་སྡོད་མང་བའི་ས་ཁུལ་ཁག་ཏུ་རིམ་བཞིན་གནས་སྟངས་ངོ་སྤྲོད་གནང་བར་ཕེབས་ཐུབ་རྒྱུར་སྐུ་ཚབ་དོན་གཅོད་ཁང་ནས་ལས་རིམ་གོ་སྒྲིག་གནང་བཞིན་ཡོད་པ་རེད།

གནས་ཚུལ་མཁོ་གཏོང་བ་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས།

བསྐྱར་བཅོས།: ༢༠༡༨/༠༢/༡༤

Leave a Reply