སྨྱུག་ཐོགས་བོད་མོ་བསླེབས་སོང་།

བཙན་བྱོལ་ནང་གི་བོད་རིགས་བུད་མེད་རྩོམ་པ་པོ་དང་ཀློག་པ་པོ་ ༣༣ གྱིས་བོད་གཞིས་བྱེས་གཉིས་ཀྱི་རྩོམ་རིག་གླེང་སློང་བྱས་པའི་སྨྱུག་ཐོགས་བོད་མོའི་དཔེ་དེབ་དབུ་འབྱེད་གནང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གིས། ཕྱི་སྡོད་བོད་མོ་རྩོམ་པ་པོ་དང་ཀློག་པ་པོ་རྣམས་ཀྱིས་བོད་ཀྱི་བུད་མེད་རྩོམ་པ་པོའི་རྩོམ་རིག་བརྩམས་ཆོས་གླེང་བ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་ཕེབས་འདུག་ལ། ཁོང་གིས་དཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག་བགྲོ་གླེང་ལྟ་བུ་ཅུང་རྣམ་པ་མི་འདྲ་བ་ཞིག་བྱ་ཐུབ་ན་ཡག་པོ་ཡོད་སྐོར་གསུངས་སོང་།

མཛད་སྒོའི་ཐོག་མར་སྨྱུག་ཐོགས་བོད་མོ་ཞེས་པའི་དཔེ་དེབ་རྩོམ་སྒྲིག་པ་དང་བཅར་འདྲི་མཁན་ཆོས་ཉིད་བཟང་པོ་ལགས་ཀྱིས་དཔེ་དེབ་དེ་ངོ་སྤྲོད་གནང་དོན། ད་ལོའི་དེབ་འདིའི་ནང་རྩོམ་རིག་དང་འབྲེལ་བའི་བུད་མེད་བོད་ཡིག་ཐོག་རྩོམ་འབྲི་བ་དང་རྩོམ་ཡིག་དཔེ་དེབ་ཀློག་མཁན་ ༣༣ ལ་བཅར་འདྲི་བྱས་ཡོད། སྤྱིའི་ཐོག་ནས་ངོ་སྤྲོད་ཅུང་ཙམ་བྱས་ན། དེབ་འདིའི་ནང་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་དང་དེང་རབས་རྩོམ་རིག དེ་བཞིན་གཞིས་བྱེས་གཉིས་ཀྱི་རྩོམ་རིག་གླེང་སློང་ཐུབ་པ་སོགས་ཀྱི་ཁྱད་ཆོས་ཚང་ཡོད་པ་དང་། དཔེ་དེབ་འདིའི་ནང་ལན་འདེབས་བྱེད་མཁན་གྱི་བུད་མེད་ཚོར་མཚོན་ན། རྒྱལ་ཁབ་འདྲ་མིན་ནང་ལས་རིགས་སྣ་ཚོགས་ལ་ཞུགས་ཡོད་མཁན་རྩོམ་པ་པོ་དང་རྩོམ་རིག་ཞིབ་འཇུག་པ། གསར་འགོད་པ། པེན་རྩོམ་པ་པོའི་ཚོགས་མི་ཡིན་པ་དང་མཐོ་རིམ་སློབ་གྲྭ་འགྲིམ་བཞིན་པ་བཅས་ཡོད་པ་དང་། བུད་མེད་སྒེར་ངོས་ནས་དཔེ་དེབ་དཔར་སྐྲུན་བྱས་ཡོད་མཁན་བུད་མེད་ ༡༥ ཞུགས་ཡོད་པ་རེད། ཅེས་བརྗོད་སོང་།

དེའི་རྗེས་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་དཔེ་དེབ་དབུ་འབྱེད་དང་འབྲེལ་ཁོང་གིས། དཔེ་དེབ་དཔར་སྐྲུན་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་ལྷག་པར་དུ་བཙན་བྱོལ་ནང་དུ་སྤྱི་ཚོགས་དང་འབྲེལ་བའི་དཔེ་དེབ་རིགས་ཧ་ཅང་དཀོན་པོ་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་དེ་རིང་གི་དཔེ་དེབ་འདིར་མཚོན་ན། རྩོམ་པ་པོ་དང་རྩོམ་སྒྲིག་པ། འབྲེལ་ཡོད་ལས་བྱེད་དང་དཔར་སྐྲུན་གནང་མཁན་སོགས་ཀྱིས་དཔེ་དེབ་འདི་ལྟ་བུ་ཞིག་དཔར་སྐྲུན་བྱས་པ་དེས་གོ་ཆོད་སོང་བསམ་པ་ཞིག་ཆགས་དགོས་པ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས། ང་ཚོ་བོད་མིའི་སྤྱི་ཚོགས་ནང་དཔེ་དེབ་དབུ་འབྱེད་གནང་བསྡད་པ་མང་པོ་མཇལ་མྱོང་མོད། སྔོན་ཆད་དཔེ་དེབ་དབུ་འབྱེད་བྱེད་སྟངས་ཁ་ཤས་ཅུང་ཙམ་གཞན་དང་མི་འདྲ་བ་དེ་འདྲ་བྱུང་སོང་། དེ་མ་གཏོགས་ང་ཚོ་བོད་མིའི་སྤྱི་ཚོགས་ནང་སྤྱི་སྒེར་གཉིས་ཀྱིས་དཔེ་དེབ་དཔར་སྐྲུན་མཛད་སྒོ་སོགས་ལ་ཕྱིའི་དཔེ་དེབ་མཛད་སྒོའི་ལེགས་ཆ་དེ་འདྲ་བླངས་པ་མཇལ་མ་མྱོང་། དཔེར་ན། དབྱིན་ཇིའི་མིས་དཔེ་དེབ་དེ་འདྲ་དབུ་འབྱེད་ལ་བཅར་རྒྱུ་བྱུང་མོད་ཁོ་ཚོས་སྔོན་ཚུད་ནས་དཔེ་དེབ་དེ་དང་འབྲེལ་བའི་མི་སྣ་བཙལ་ཏེ། དཔེ་དེབ་ཕྱག་ཏུ་ཕུལ་ནས་དཔེ་དེབ་དབུ་འབྱེད་རང་གི་ཆེད་དུ་མཛད་སྒོ་དང་བགྲོ་གླེང་ཚོགས་ཀྱི་འདུག རྣམ་པ་ཚོར་མཚོན་ན་ད་ལྟ་མུ་མཐུད་དཔེ་དེབ་དཔར་སྐྲུན་གནང་མཁན་ཡིན་དུས་དཔེ་དེབ་དཔར་སྐྲུན་མཛད་སྒོ་སོགས་ཅུང་རྣམ་པ་མི་འདྲ་བ་ཞིག་བྱ་ཐུབ་ན་ཡག་པོ་འདུག གཞན་ང་ཚོའི་སྤྱི་ཚོགས་ལ་མཚོན་ན་ལས་རིགས་མང་པོ་ཞིག་གཉེར་གྱི་ཡོད་པ་རེད་ལ། ལས་ཀ་དེ་དག་ལས་པའི་སྐབས་སུ་དེ་འདྲ་ཞིག་བྱ་དགོས་པ་རེད་བསམ་པ་ཙམ་མ་ཡིན་པར་ཁ་ཡོད་ལག་ཡོད་ཕན་ཐོགས་ཡོད་པ་ཞིག་དང་། དཔེ་དེབ་རིགས་ལ་མཚོན་ན་དབུ་འབྱེད་བྱས་པ་ནས་མཇུག་བསྡུས་པ་ཙམ་མ་ཡིན་པར་ཀློག་མཁན་མང་པོ་ཡོད་པའི་རྐྱེན་གྱིས་ཡང་ནས་བསྐྱར་དུ་དཔེ་སྐྲུན་བྱ་དགོས་པ་དེ་འདྲ་བྱུང་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

གཞན་ཡང་། ཁོང་གིས་བོད་པ་ཚོས་བོད་དོན་སྐོར་གྱི་དཔེ་དེབ་འབྲི་རྩོམ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཕྱི་མི་ཞིག་གིས་བོད་དོན་སྐོར་ལ་བྲིས་པ་ཙམ་མ་ཡིན་པར་བོད་པ་ཚོས་བྲིས་པ་དེར་གཞན་གྱིས་ཁུངས་ལྡན་གནས་ཚུལ་ཞིག་ཏུ་མཐོང་གི་ཡོད་པ་རེད། དེ་བཞིན་བོད་པའི་གསར་འགོད་པ་ཚོར་མཚོན་ན། གསར་འགོད་པ་དེ་དམངས་གཙོའི་ཀ་བ་བཞི་པ་དེ་རེད་ཅེས་བརྗོད་ཀྱི་ཡོད་པ་རེད། བཞི་པ་དེ་ཆགས་པ་ལ་བཞི་པའི་ངོ་བོ་མཚོན་པ་ཞིག་བྱེད་རྒྱུ་གལ་ཆེན་པོ་རེད་ལ། ལྷག་པར་དུ་ནན་གྱིས་བཤད་རྒྱུར་གསར་འགོད་པ་ཚོས་བཞུགས་སྒར་དྷ་རམ་ས་ལ་ནས་གནས་ཚུལ་ག་རེ་བཏང་བ་ཡིན་ན་ཡང་དེ་འཛམ་པོའི་གླིང་གིས་ཁུངས་ལྡན་བྱེད་ས་ཞིག་ཆགས་ཀྱི་ཡོད་པས། གནས་ཚུལ་སྤུས་དག་པོ་དང་ཁུངས་ལྡན་སྤེལ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

སྨྱུག་ཐོགས་བོད་མོ་ཞེས་པའི་དཔེ་དེབ་འདིར་ཤོག་ངོས་ ༢༡༣ ཡོད་པ་དང་། བཙན་བྱོལ་ནང་ཡོད་པའི་བོད་རིགས་བུད་མེད་ཁྱོན་ ༣༣ གྱིས་བོད་ཀྱི་རྩོམ་རིག་དང་གཙོ་བོ་བོད་རིགས་བུད་མེད་ཀྱི་རྩོམ་རིག་སྐོར་ལ་དཔྱད་གླེང་བྱས་འདུག དཔེ་དེབ་འདི་ནི་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གིས་དཔར་སྐྲུན་གནང་བའི་དཔེ་དེབ་བཞི་པ་དེ་ཡིན་འདུག དེབ་དང་པོ་དེ་དབྱིན་ཡིག་ནང་བྲིས་པའི་བཙན་བྱོལ་བོད་མི་ཞིག་གི་འབོད་སྒྲ་དང་། གཉིས་པ་ཕྱི་ལོ་༢༠༡༥་ལོར་བོད་ཕྱི་ནང་གཉིས་སུ་བཞུགས་པའི་རྩོམ་པ་པོ་བརྒྱ་ལྷག་གིས་བྲིས་པའི་དབྱངས་ཞུགས་པའི་ང་རོ་ཞེས་པའི་སྙན་ངག་གི་དེབ། ཕྱི་ལོ་༢༠༡༦ ལོར་ཡུལ་དངོས་བཅར་འདྲི་བྱས་པའི་བཅར་འདྲི་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་ཅིག་བཏོན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༢/༡༤

Leave a Reply