བཙན་བྱོལ་བོད་མིའི་དཀྲུག་གླུད་བཞི་མར་གཡུག་གི་ཡིན།

དོ་དགོང་ཆོལ་ཁ་ཆོས་ལུགས་དང་ཕྱོགས་ཁག་རིང་ལུགས། ལུང་ཚན་རིང་ལུགས་བཅས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་དཀྲུག་གླུད་བཞི་གཡུག་རྒྱུ་རེད་འདུག

དེ་རིང་ཕྱི་དྲོར། བཞུགས་སྒར་དྷ་རམ་ས་ལའི་མེག་གྷན་བཞི་མདོ་རུ་བོད་ཀྱི་གཏམ་བརྗོད་རུ་ཁག་ནས་གཅིག་སྒྲིལ་གྱི་དགུ་ཐུག་ཞེས་པའི་སྲང་ལམ་གཏམ་བརྗོད་ཅིག་འཁྲབ་སྟོན་གནང་རྒྱུ་ཡིན་པ་དང་། འཁྲབ་སྟོན་པ་དང་ལྟད་མོ་བ་ཡོངས་ལྷན་འཛོམས་ཐོག་དགུ་ཐུག་ལ་རོལ་རྗེས། དེང་སང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྙོག་ཟིང་གིས་ཁེངས་བའི་རྒྱུ་རྐྱེན་དུ་གྱུར་བ་ཆོལ་ཁའི་འཐེན་ཁྱེར་དང་ཆོས་ལུགས་འཐེན་ཁྱེར། ཕྱོགས་ཁག་རིང་ལུགས། དེ་བཞིན། ལུང་ཚན་རིང་ལུགས་བཅས་ཀྱི་དཀྲུག་གླུད་བཞི་མར་གཡུག་རྒྱུ་ཡིན་འདུག

གཅིག་སྒྲིལ་གྱི་དགུ་ཐུག་ཞེས་པའི་ལས་འགུལ་དེའི་དགོས་དམིགས་སྐོར་ལ་བོད་ཀྱི་གཏམ་བརྗོད་རུ་ཁག་གི་འགན་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར། དྷ་རམ་ས་ལ་ནི་བོད་པའི་སྤྱི་ཚོགས་ཆུང་ཆུང་ཞིག་ཆགས་ཡོད་ཀྱང་། ང་ཚོ་ཚང་མ་གཅིག་སྒྲིལ་དང་མཉམ་རུབ་ཐོག་ནས་དགུ་ཐུག་བསྐོལ་བ་དཀོན་པོ་ཆགས་ཡོད་སྟབས། ང་ཚོས་གཏམ་བརྗོད་ཀྱི་རྣམ་པའི་ཐོག་ནས་དེང་སང་བཙན་བྱོལ་སྤྱི་ཚོགས་ནང་ཆོལ་ཁའི་འཐེན་ཁྱེར་དང་། ལུང་ཚན་གྱི་འཐེན་ཁྱེར། དེ་བཞིན་ཕྱོགས་ཁག་འཐེན་ཁྱེར་སོགས་ཀྱི་རྙོག་ཟིང་གི་རྐྱེན་གྱིས་ང་ཚོའི་སྤྱི་ཚོགས་གཡས་དཀྲུག་གཡོན་དཀྲུག་མང་པོ་ཞིག་བྱས་ཡོད་སྟབས། དེ་རིང་ང་ཚོ་གཅིག་སྒྲིལ་བྱས་ཏེ། ང་ཚོའི་སྤྱི་ཚོགས་དཀྲུག་ཤིང་དང་ཟང་ཟིང་བཟོ་མཁན་གྱི་རྒྱུ་ངན་པ་ཚང་མ་གླུད་ལ་མར་གཡུགས་ཏེ། ལོ་གསར་པ་དེ་རྟེན་འབྲེལ་བཟང་པོའི་ངང་ནས་ཚུར་བསུ་ཐུབ་པའི་ཆེད་དུ། ང་ཚོས་ཆོལ་ཁའི་འཐེན་ཁྱེར་གྱི་གླུད་དང་ཆོས་ལུགས་འཐེན་འཁྱེར་གྱི་གླུད།   ཕྱོགས་ཁག་རིང་ལུགས་ཀྱི་གླུད། དེ་བཞིན། ལུང་ཚན་རིང་ལུགས་ཀྱི་གླུད་བཅས་གླུད་མི་འདྲ་བ་བཞི་བཟོས་ཡོད་ལ། དེ་རིང་ང་ཚོ་བོད་རིགས་ཚང་མས་གཅིག་སྒྲིལ་ཐོག་དགུ་ཐུག་ཅིག་བཏུང་རྗེས། གཅིག་སྒྲིལ་ངང་འཐེན་འཁྱེར་གྱི་གླུད་ཚང་མ་མར་གཡུགས་ཏེ། ང་ཚོས་དགའ་དགའ་སྤྲོ་སྤྲོའི་ངང་མ་འོངས་པའི་ལོ་ཟླའི་ནང་ཚང་མ་འཆམ་མཐུན་དང་གཅིག་སྒྲིལ་བྱས་ཏེ་ལས་དོན་སོགས་ཧུར་ཐག་གནང་པའི་རེ་བ་ཡོད། ཅེས་བརྗོད་བྱུང་།

ཡང་ཁོང་གིས། ང་ཚོའི་སྤྱི་ཚོགས་ནང་རྙོག་ཟིང་གིས་ཁེངས་ཡོད་དུས། བོད་ནང་གི་གཞིས་བཞུགས་སྤུན་ཟླ་ཚོ་ཡིན་ན་ཡང་ཐུགས་སེམས་ལྷོད་པོ་ཡོང་གི་མེད་པ་མ་ཟད།   བོད་ནང་གིི་བོད་མི་སེམས་ཤུགས་ཅན་དང་རྒྱལ་ཁབ་ཀྱི་ལ་རྒྱ་ཡོད་མཁན་ཚང་མའི་སེམས་ནང་ངང་འཚབ་དང་བདེ་སྐྱིད་མེད་པའི་གནས་སྟངས་འོག་བཞུགས་བསྡད་ཡོད་པ་རེད། དེར་བརྟེན། ང་ཚོས་འདིར་གཅིག་སྒྲིལ་ཐོག་ལས་དོན་ཚང་མ་ཧུར་ཐག་བསྒྲུབ་སྟེ། བོད་ནང་གི་སྤུན་ཟླ་ཚོའི་ཐུགས་སེམས་ལྷོད་འཇགས་དང་ཁོང་ཚོས་ང་ཚོར་བཅིངས་བའི་རེ་བ་སོགས་ཆུད་ཟོས་སུ་གཏོང་གི་མེད་པའི་བརྡ་ལན་སྤྲོད་ཐབས་ཤིག་དང་། གཅིག་སྒྲིལ་གྱི་ལོ་གསར་པ་ཞིག་བསུ་ཐབས་བཅས་ཀྱི་ཆེད་དུ་དགུ་ཐུག་བསྐོལ་གྱིན་ཡོད། ཅེས་བརྗོད་བྱུང་།

ཕྱི་དྲོའི་གཏམ་བརྗོད་འཁྲབ་སྟོན་དང་དགུ་ཐུག་མཉམ་རོལ་གྱི་ཡུལ་དངོས་ཐད་གཏོང་ཞུ་རྒྱུ་ཡིན།

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༢/༡༤

Leave a Reply

4 thoughts on “བཙན་བྱོལ་བོད་མིའི་དཀྲུག་གླུད་བཞི་མར་གཡུག་གི་ཡིན།

  1. ཆོལ་ཞེན་དང་ཆོས་ཞེན་གྱིས་བཟི་བའི་བོད་མི་ཚོ་གླུད་འདི་དང་མཉམ་དུ་གླུད་རྫོངས་ནང་ལ་གཏོང་དགོས་སྙམ།

  2. གཞུང་པ་ཚེ་དབང་བསོད་ནམས་

    གླུད་ནི་འདྲེ་ལྔའི་ཕྱོགས་སུ་ཐོང་།
    ཟོར་ནི་བདུད་གཅོད་ཕྱོགས་སུ་རྒྱོབ་།
    བཟློག་པ་གནོད་པའི་སྟེང་དུ་གྱིས་།

  3. གཞུང་པ་ཚེ་དབང་བསོད་ནམས་

    འདས་པའི་བོད་ཀྱི་ལོ་རྒྱུས་ནང་མེད་པའི་དཀྲུག་གླུད་ཟེར་བ་འདི་གསར་གཏོད་ཟེར་བ་དེ་ཡིན་ནམ་།

  4. སྲས་སྐུ་ངོ་།

    ༧གོང་ས་མཆོག་གཙོས་བོད་གཞུང་གི་ལས་བྱེད་རྣམ་པ་དང་བོད་རིགས་ཡོངས་ལ་འཚམས་འདྲི་བཀྲིས་བདེ་ལེགས་དང་སྐུ་གཟུགས་བདེ་ཐང་། བྱ་བ་ལེགས་འགྲུབ། བོད་ལ་སྐྱིད་པའི་ཉི་མ་གང་མགྱོགས་ཤར་བའི་སྨོན་འདུན་གྲངས་མེད་ཞུ།