ས་ཕོ་ཁྱི་ལོའི་ལོ་གསར་གྲ་སྒྲིག་གི་བྲེལ་བ་འཚུབ་འཚུབ།

མདང་དགོང་དགུ་ཐུག་བཏུང་ནས་གླུད་གཏོར་བརྒྱབས་པར་བརྟེན་དེ་རིང་བོད་མི་མང་པོ་འདུས་སྡོད་བྱས་ཡོད་པའི་ས་གནས་ཁག་གི་ལམ་མདོ་དག་ན་ཟས་དང་སྣོད་སོགས་ཀྱི་ལུད་ཀྱིས་ཁེངས་འདུག

ལོ་གསར་ནི་དགའ་སྐྱོ་གྲངས་མེད་ཀྱིས་ཕར་ཕར་བསྐྱལ་བའི་ལོ་རྙིང་ཞིག་གི་མཇུག་བསྡུས་ཤིང་། རེ་བ་དང་སྤྲོ་དགུས་བསུས་བའི་ལོ་གསར་པ་ཞིག་གི་མགོ་ཚུགས་པ་ཡིན་ལ། སྐབས་འདིར་བྱིས་པ་རྣམས་ཀྱིས་ཞིམ་མངར་ལྡན་པའི་ཁ་ཟས་དང་། རྒྱན་གོས་གསར་པ་གྱོན་ཏེ་དགའ་དགའ་སྤྲོ་སྤྲོ་བྱེད་པའི་ཉིན་བཟང་སྔར་ན་མེད་པ་ཞིག་ཡིན་ཡང་། ཕ་མ་ཁྱིམ་བདག་རྣམས་ཀྱིས་དགའ་བའི་ཀློང་ནས་ལོ་གཅིག་རིང་ངལ་བ་ཧུར་དུ་བླངས་བའི་ཡོངས་འབབ་ལས་གང་ཡག་ཡག་དང་གང་རྒྱན་རྒྱན་རྣམས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་གཏོང་བའི་ཉིན་མ་འགའ་དང་། ནངས་སྔ་ལངས་དང་ནུབ་ཕྱི་ཉལ་གྱིས་དུས་ཐུང་ནང་ཡོངས་འབབ་འཕོན་ཆེན་གསོག་པའི་དུས་བཟང་ཞིག་ཀྱང་ཡིན་སྟབས། ཁ་རྒྱུན་དུ་ལོ་གསར་མ་རེད་ལས་གསར་རེད་ཟེར་བ་དོན་དུ་སྣང་།

གསར་འགོད་པ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་ཕྱིན་ཏེ། ལོ་ལྟར་ལོ་གསར་སྐབས་ཁ་ཟས་ཚོང་མཁན་ལུགས་བསམ་གཞིས་གྲོང་དང་པོའི་བཀྲ་ཤིས་ལགས་ལ་ད་ལོར་ཚོང་ག་འདྲ་འདུག་དྲིས་པར་ཁོང་གིས། ལོ་ལྟར་ཚོང་ཡག་པོ་འདུག ལས་ཁུངས་ཁག་དང་དགོན་པ་གྲྭ་ཚང་ཁག་གིས་མང་པོ་ཉོ་གི་འདུག་ལ། སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་མི་མང་རྣམས་ནས་ཀྱང་མང་པོ་མངགས་ཡོང་གི་འདུག ཅེས་བརྗོད་བྱུང་ལ། ཁོས་ཉིན་རེར་བོང་བུའི་ཨ་མཆོག་ ༥༠༠ ཙམ་རེ་དང་། ཁ་ཟས་རིགས་འདྲ་མིན་མང་པོ་བཟོ་ཡི་འདུག

གཞིས་གྲོང་དང་པོའི་ཚོང་ཁང་ནང་ལུགས་བདེ་གཉིས་ཀྱི་མི་མང་གིས་ལོ་གསར་ཉོ་ཅ་རྒྱག་བཞིན་འདུག་ལ། ལམ་ཟུར་གཡས་གཡོན་དུ་རང་ཉིད་ཀྱི་ཅ་དངོས་ཙག་ཙིག་བཙོང་ནས་འབྲེལ་བ་འཚུབ་འཚུབ་བྱེད་ཀྱི་འདུག་པས། གསར་འགོད་པ་ཆེད་དུ་ཁྱིམ་ཚང་ཁ་ཤས་ཤིག་གི་ནང་དུ་ལོ་གསར་གྲ་སྒྲིག་ག་འདྲ་གནང་གི་ཡོད་མེད་ལྟ་རུ་ཕྱིན་པ་ཡིན། ལོ་གསར་ཤར་ལ་ཉེ་བའི་མཚམས་སུ་ཁྱིམ་ཚང་སོ་སོའི་ནང་མི་རྒན་གཞོན་ཚང་མས་རང་གི་འཇོན་ཚོད་ནུས་ཚོད་ཀྱིས་གྲ་སྒྲིག་གི་ལས་ལ་གཞོལ་བ་དཔེར་ན། སྤོ་པོ་དང་རྨོ་མོ་རྣམ་པས་གྲོ་སོ་ཕྱེ་མར་དང་། གྲོ་མ། འབྲས་སིལ། ལོ་ཕུད། ཆང་ཕུད། བོང་བུའི་རྣ་མཆོག མཆོད་ཡོན་ཞལ་ཟས། གཞན་ཡང་ཡུལ་ཐོན་ཟས་རིགས་སྣ་ཚོགས་མཆོད་བཤམ་མདུན་དུ་སྒྲིག་པ་དང་། པ་ལགས་དང་ཨ་མ་ལགས་སོགས་ཀྱིས་ཟས་རིགས་སྣ་ཚོགས་གཡོ་སྦྱོར་དང་། བཟའ་བཏུང་རིགས་ཉོས་ནས་བྲེལ་གྱི་འདུག ན་གཞོན་ཕོ་མོ་ཚོས་ཁང་ཁྱིམ་གྱི་ཕྱི་ནང་ཀུན་དུ་བྱི་དོར་དང་། ཐབ་ཚང་གི་གྱང་ལྡེབས་སུ་གྲོ་ཕྱེས་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་དང་སྒོ་རའི་ཕྱི་ནང་དུ་དཀར་རྩི་དབྱུག་ནས་ཁྱིམ་ཚང་དེར་རྣམ་པ་གསར་པ་ཞིག་གི་སྣང་བརྙན་སྐྲུན་གྱི་འདུག

ལོ་གསར་ལ་ཉེ་སྐབས་རྒྱུན་དུ་གཞིས་ཆགས་འདིའི་ནང་མཐོང་རྒྱུ་དཀོན་པའི་ཕོ་མོ་མང་པོ་ཕྱོགས་སོ་སོ་ནས་རང་ཁྱིམ་དུ་འཛོམས་ཤིང་། ནམ་རྒྱུན་ལྷིང་འཇགས་སེར་ཡོད་པའི་ཁྱིམ་ཚང་དང་གཞིས་གྲོང་རེ་རེའི་ནང་འུར་འུར་ཟིང་ཟིང་དང་མི་ཚོགས་ཆེ་བ་ཞིག་ཏུ་གྱུར་འདུག་ལ། མི་ཚོགས་འདུས་པའི་གོ་སྐབས་དང་བསྟུན་ད་ལོར་ལུགས་བདེ་གཉིས་ཀྱི་ཚོགས་ཁང་དུ་ལོ་གསར་དགོང་ཚོགས་བསྡུ་རྒྱུ་དང་། གཞོན་ནུ་ཚོས་སིལ་སྤོལ་དང་རྐང་སྤོལ་སོགས་ཀྱི་རྩེད་མོའང་གྲ་སྒྲིག་བྱེད་ཀྱི་འདུག གཞིས་མིས་བརྗོད་ན་ཕ་མ་གཉེན་ཉེ་དང་གཞིས་གྲོང་འདི་ནས་ཡུན་རིང་ཁ་བྲལ་བའི་མི་མང་པོ་ཞིག་ད་ལོར་ཕྱིར་ལོག་ཐུབ་ཡོད་པ་མ་ཟད། སྔར་ལོ་དང་བསྡུར་ན་ད་ལོར་བརྒྱ་ཆ་ ༨༠ ཟིན་ཡོད་འདུག

བོད་ཟླ་ ༡༢ ཚེས་ ༢༩ ཉིན་སེ་ར་ཐེག་ཆེན་ཆོས་གླིང་དང་བཀྲ་ཤིས་ལྷུན་པོ་དགོན་པ། རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་བཅས་དགོན་པ་ཁག་གི་ནང་དུ་གར་འཁྱམ་དང་། ལོ་ཟད་ཟླ་ཟད་ཀྱི་དགུ་གཏོར་གནང་སོང་བ་དང་། སྐབས་དེར་ཡུལ་ཕྱོགས་གང་ས་ནས་མགྲོན་པོ་དང་ས་གནས་སེར་སྐྱ་མི་མང་ཧ་ཅང་མང་པོ་འདུག ཕྱི་དྲོར་ཁྱིམ་ཚང་སོ་སོའི་ནང་བཟའ་མི་ལྷན་འཛོམས་ཀྱིས་དགུ་ཐུག་འཐུང་ཞིང༌། གནམ་ལོ་གསར་པ་ཞིག་གི་དབུ་འཁྱུད་བྲིས་པ་ཡིན་སྟབས། ལོ་གསར་པའི་ནང་ཁྱིམ་ཚང་དུ་རྐྱེན་ངན་བར་ཆད་མི་འབྱུང་ཆེད་ཟན་ལ་མི་དང་སེམས་ཅན་གྱི་གཟུགས་དབྱིབས་བཟོས་གླུད་དེ་སྣོད་ཆག་དུམ་ཅན་གྱི་ནང་བཞག་ནས་ལམ་མདོ་རྣམས་སུ་གཡུགས་ཡོད་སྟབས། དེ་རིང་ཞོགས་པར་ལམ་མདོ་རྣམས་སུ་ཟས་རིགས་དང་སྣོད་ཆག ཁ་བཏགས་སོགས་ཀྱི་གད་སྙིགས་ཀྱིས་ཁེངས་འདུག

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༨/༠༢/༡༥

Leave a Reply

2 thoughts on “ས་ཕོ་ཁྱི་ལོའི་ལོ་གསར་གྲ་སྒྲིག་གི་བྲེལ་བ་འཚུབ་འཚུབ།

  1. ཁྱི་ལོ་བཟང་། ཁྱི་ལོ་བཟང་། ཁྱི་ལོ་བཟང་།
    མགོ་ནག་བོད་པས་སྒོ་ཁྱི་མི་འཚོང་པའི་ལོ་གསར་བཟང།
    རྒྱ་ནག་རལ་པ་ཅན་གྱིས་ཁྱི་ཤ་མི་ཟ་བའི་ལོ་གསར་བཟང་།
    ནུབ་ཕྱོགས་ཨ་ར་ཅན་གྱིས་ཁྱི་ལྤགས་མི་གོན་པའི་ལོ་གསར་བཟང་།