གཙུག་ལག་ཁང་གི་རྒྱབ་ངོས་ཤིག་ལ་མེ་སྐྱོན་ཆེན་པོ་བྱུང་།

ལྷ་ལྡན་གཙུག་ལག་ཁང་གི་རྒྱབ་ངོས་ཤིག་ཏུ་མེ་སྐྱོན་ཆེན་པོ་བྱུང་བར་བརྟེན་མི་རྣམས་ཀྱིས་གཙུག་ལག་ཁང་གི་བྱིན་ཅན་སྐུ་གསུང་ཐུགས་རྟེན་རྣམས་ལ་གནོད་སྐྱོན་ཐེབས་ཡོད་མེད་ཐད་བསམ་ཁུར་ཆེན་པོ་བྱེད་ཀྱི་འདུགཕྱི་ཚེས་ ༡༧ ཉིན་གྱི་ཕྱི་དྲོར་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་རྒྱབ་ངོས་ཤིག་ཏུ་མེ་སྐྱོན་ཆེན་པོ་བྱུང་ཡོད་པ་དང་། སྤྱི་ཚོགས་དྲ་ལམ་དུ་ཁྱབ་པའི་བརྙན་ཐུང་ནང་དུ་ལྷ་ཁང་ཆེན་མོ་ཞིག་ལ་མེ་ལྕེ་དམར་སློག་སློག་ཏུ་འབར་བཞིན་ཡོད་པ་ཐག་རིང་པོ་ནས་མཐོང་གི་འདུག་ལ། མི་ཚོགས་ཆེན་པོ་འདུས་ཏེ་གཙུག་ལག་ཁང་མེ་ལ་འབར་སོང་ཟེར་བ་དང་། ཁ་འདོན་བྱེད་པ། ངུ་ཡི་ཡོད་པའི་སྒྲའང་གོ་ཡི་འདུག

ད་ལྟའི་ཆར་ལྷ་ལྡན་གཙུག་ལག་ཁང་གི་སྐུ་གསུང་ཐུགས་རྟེན་སོགས་བྱིན་ཅན་རིག་དངོས་རྣམས་ལ་གནོད་འཚེ་ཐེབས་ཡོད་མེད་གསལ་པོ་མི་འདུག་ཀྱང་། ཁ་ཤས་ཀྱིས་མེ་སྐྱོན་བྱུང་ས་དེ་གཙུག་ལག་ཁང་གི་རྒྱབ་ཕྱོགས་སྒོ་ར་ཡིན་ཚུལ་དང་། ཡང་ཁག་ཅིག་གིས་མ་ཎི་ལྷ་ཁང་ཡིན་ལུགས་སོགས་བརྗོད་ཀྱི་འདུག

རྒྱ་ནག་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་ཚགས་པར་གྱིས། ལྷ་ལྡན་གཙུག་ལག་ཁང་གི་ཕྱོགས་གཅིག་ལ་མེ་སྐྱོན་བྱུང་མ་ཐག་མེ་གསོད་རུ་ཁག་བཏང་སྟེ་མེ་བསད་ཡོད་པར་བརྟེན། མི་ལ་གནོད་སྐྱོན་བྱུང་མེད་སྐོར་བསྒྲགས་འདུག

འདས་པའི་ལོ་ཤས་ནང་བོད་ཁུལ་གྱི་དགོན་རྙིང་ཁག་ཅིག་ལ་གཅིག་རྗེས་གཉིས་མཐུད་ཀྱིས་མེ་སྐྱོན་བྱུང་། ལི་ཐང་དགོན་ཆེན་དངསྟག་ཚ་དགོན་པ། ཀཿཐོག་དགོན་སོགས་སུ་མེ་སྐྱོན་བྱུང་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་གློག་གིས་མེ་སྐྱོན་བྱུང་ཡོད་སྐོར་བསྒྲགས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༨/༠༢/༡༧

Leave a Reply

2 thoughts on “གཙུག་ལག་ཁང་གི་རྒྱབ་ངོས་ཤིག་ལ་མེ་སྐྱོན་ཆེན་པོ་བྱུང་།

  1. གཞུང་པ་ཚེ་དབང་བསོད་ནམས་

    དུས་ངན་སྙིགས་མར་རྒྱལ་ཁྲིམས་ཆོས་ཁྲིམས་ཉམས་།
    དུས་ངན་སྙིགས་མར་མི་ངན་དཔོན་ངན་དར་།
    དུས་ངན་སྙིགས་མར་ལྐོག་ཟ་རུལ་སྲུངས་དར་།
    དུས་ངན་སྙིགས་མར་སྤྱི་རྒྱུ་སྒེར་བདག་མང་།

  2. གཞུང་པ་ཚེ་དབང་བསོད་ནམས་

    དུས་ཚོད་སྙིགས་མར་མེ་ཆུ་རླུང་གི་ཉེན་།
    དུས་ཚོད་སྙིགས་མར་མི་ངན་རླུང་རྟ་མཐོ་།
    དུས་ཚོད་སྙིགས་མར་ལྐོག་ཟ་རུལ་སྲུང་དར་།
    དུས་ཚོད་སྙིགས་མར་ཕྱོགས་གཏོགས་ཤོག་སྒྲིལ་དར་།
    དུས་ཚོད་སྙིགས་མར་འགོ་འདྲེན་རིང་ལུགས་དར་།
    དུས་ཚོད་སྙིགས་མར་སྐབས་ཚོལ་རིང་ལུགས་དར་།
    དུས་ཚོད་སྙིགས་མ་ཤར་བའི་སྔ་ལྟས་འདི་རྣམས་ལ་།
    བློ་ལྡན་ཚང་མས་ཟབ་ནན་གནང་བ་མཛོད་།