ཚེ་མགོན་རྒྱལ་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད།

བོད་ཀྱི་ཆབ་སྲིད་བཙོན་པ་ཚེ་མགོན་རྒྱལ་ལགས་ལ་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ཉེས་མིང་འོག་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

འདི་གར་འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་་༡ ཚེས་༡༠ ཉིན་མཚོ་བྱང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། དགུང་ལོ་ ༥༥ ཡིན་པའི་ཚེ་མགོན་རྒྱལ་ལགས་ལ་ལོ་གསུམ་གྱི་བཙོན་ཐག་བཅད་དེ་ཟི་ལིང་གྲོང་ཁྱེར་ཏུང་ཁྲན་བཙོན་ཁང་ (东川监狱) དུ་བཙོན་འཇུག་བྱས་ཡོད་པ་དང་། བཙོན་ཐག་མ་བཅད་སྔོན་ལ་ཚེ་མགོན་རྒྱལ་ལགས་ཀྱི་ཕ་མ་གཉིས་ཁོང་ལ་ངོ་ཐུག་ཏུ་བཅུག་ཡོད་པ་དང་། དེ་ནི་ཁོང་འཛིན་བཟུང་བཀག་ཉར་བྱས་ཏེ་ལོ་གཅིག་ལྷག་འགོར་རྗེས་ཕ་མ་གཉིས་ལ་ཐུག་ཏུ་བཅུག་པ་ཐེངས་དང་པོ་དེ་ཆགས་ཡོད་འདུག

ཕྱི་ལོ་༢༠༡༦ ཟླ་༡༢ ཚེས་༩ ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཟེར་བས་ཚེ་མགོན་རྒྱལ་བསྐྱར་དུ་འཛིན་བཟུང་བྱས་ཏེ་ཟླ་ ༨ ་ལྷག་ལ་བཀག་ཉར་བྱས་ཡོད་པ་དང་།  ཕྱི་ལོ་༢༠༡༧ ཟླ་༥ ཚེས་༣ ཉིན་མཚོ་བྱང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་ཁྲིམས་བཤེར་བྱེད་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཀྱང་། སྐབས་དེར་ཚེ་མགོན་རྒྱལ་གྱི་ཕ་མ་དང་ཉེ་འབྲེལ་ཚོར་སྐད་མ་བཏང་བར་གསང་བའི་སྒོ་ནས་ཁོང་ལ་ཁྲིམས་བཤེར་བྱས་པ་མ་ཟད། ཁོང་ལ་ཁྲིམས་མཐུན་གྱི་ཁྲིམས་རྩོད་པའམ་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་ཐོབ་ཐང་གང་ཡང་སྤྲད་མེད་པ་རེད།  ཁོང་ལ་ཁྲིམས་ཐག་མ་བཅདབར་དུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ལས་བྱེད་ཚོས་ཁོང་འཛིན་བཟུང་བྱས་ཏེ་རྐང་ཚ་རྫོང་གི་བཀག་ཉར་ཁང་ཞིག་ཏུ་བཀག་བསྐྱིལ་བྱས་ཡོད་པ་རེད།

ཚེ་མགོན་རྒྱལ་ལགས་ཀྱི་འབྲེལ་ཡོད་ཅིག་གིས་འདི་གའི་གསར་འགོད་པར། ཚེ་མགོན་རྒྱལ་ལགས་ཀྱིས་དེ་སྔོན་སྐད་འཕྲིན་ནང་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཞེས་པ་དེར་དཔྱད་བརྗོད་རྩོམ་ཐུང་ཞིག་སྤེལ་བར་བརྟེན།  རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་བསྐུལ་བྱས་པའི་ཉེས་མིང་བཙུགས་ཏེ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཡིན་ནའང་། ཁོའི་རྩོམ་ཡིག་དེའི་ཞིབ་ཕྲའི་ནང་དོན་ལག་སོན་བྱུང་མ་སོང་། ཞེས་བརྗོད་བྱུང་།

ཚེ་མགོན་རྒྱལ་ལམ་རྐང་གཞོང་ཨ་ཚེ་ལགས་ནི། ཕྱི་ལོ་ ༡༩༦༣ ཟླ་ ༨ ཚེས་ ༡༢ ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། ཁོང་སློབ་ཆེན་མཐར་ཕྱིན་རྗེས་རིམ་པས་ས་གནས་གཞུང་གི་དགེ་རྒན་དང་རྫོང་ཉེན་རྟོག་ལས་ཁུངས་ནང་ཆེད་ལས་ལག་རྩལ་པའི་ཕྱག་ལས་གནང་བ་དང་། སྐབས་དེར་ཁོང་མཚོ་སྔོན་ཞིང་ཆེན་ནང་ཉེན་རྟོག་ཆེད་ལས་ལག་རྩལ་འཛིན་གྲྭའི་ནང་ཡོད་པའི་བོད་པ་ ༤ ཡི་ནང་ནས་གཅིག་ཡིན་པ་དང་། ལས་ཞོར་དུ་ཁོང་གིས་༼མཚོ་སྔོན་བོད་ཡིག་གསར་འགྱུར༽དང༼མཚོ་སྔོན་ཁྲིམས་ལུགས་ཚགས་པར༽གཉིས་ཀྱི་གསར་འགོད་པ་ལོ་མང་གནང་སྟེ་ཕུལ་བྱུང་གསར་འགོད་པའི་རྟགས་མའང་ཐེངས་མང་ཐོབ་ཡོད་འདུག

ཕྱི་ལོ་ ༡༩༩༩ ལོར་ཁོང་བཙོན་གྲོལ་ཐོབ་རྗེས་རྐང་ཚ་དཀྱིལ་དུ་བཟུང་བའི་མཚོ་བྱང་ས་ཁུལ་གྱི་དབང་བོ་སྐྱོན་ཅན་ལ་སེམས་ཤུགས་སྐུལ་སྤེལ་དང་ནུས་པ་སྔོག་འདོན་གྱི་ལས་གཞི་ཞིག་མགོ་བཙུགས་ཡོད་པ་མ་ཟད། རིམ་པས་དབང་བོ་སྐྱོན་ཅན་གྱི་གླུ་གར་ཚོགས་པ་ཞིག་བཙུགས་ཏེ་ཞིང་ཆེན་རིམ་པ་བརྒལ་ནས་རྒྱ་ནག་ནང་འཁྲབ་སྟོན་བྱས་ཡོད་ཀྱང་། ཁོང་ལ་རྒྱ་གཞུང་གིས་འགོག་རྐྱེན་སྣ་མང་བཟོས་སྟབས་ཚོགས་པ་དེ་རྒྱ་གཞུང་ལ་རྩིས་སྤྲོད་དགོས་བྱུང་ཡོད་པ་དང་། ༢༠༡༥ ལོ་ནི་མཚོ་སྔོན་པོའི་གནས་འདུས་ཡིན་སྟབས། བོད་མདོ་དབུས་ཁམས་གསུམ་ནས་གནས་བསྐོར་ལ་ཕེབས་མཁན་མང་པོ་ཡོད་སྟབས། ཁོང་གིས་མཚོ་སྔོན་པོའི་ཁར་སྔར་རྒྱལ་དབང་ལྔ་བ་ཆེན་མོའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་དེར་གནས་བསྐོར་བར་༼ཏཱ་ལའི་སྐོམ་ཆུ་༽གཙོས་པའི་ཟས་རིགས་རིན་མེད་དུ་སྤྲད་དེ། མཇལ་སྐོར་བ་ཚོར་བོད་ཀྱི་སྔར་སྲོལ་ཕྱིར་དྲན་གྱི་སྐུལ་འདེད་གནང་ཡོད་འདུག

ཚེ་མགོན་རྒྱལ་ལགས་ཀྱི་འབྲེལ་ཡོད་གནས་ཚུལ།
ཚེ་མགོན་རྒྱལ་གྱིས་བཀག་བསྐྱིལ་ཁང་ན་ངག་བཅད་ངོ་རྒོལ་བྱས་འདུག
ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་བསྐྱར་དུ་འཛིན་བཟུང་བྱས་འདུག

 

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༢/༡༩

Leave a Reply