བོད་ཁུལ་གྱི་ཁ་བྲལ་རིང་ལུཊ་པའི་ནག་ཚོཊ་འབུར་འཇོམ་བྱ་རྒྱུ་ཡིན།

རྒྱ་གཞུང་གིས་ནག་ཚོགས་འཛོམ་པ་ཞེས་པའི་ལས་འགུལ་ཞིག་སྤེལ་ཏེ་བོད་ཁུལ་གྱི་ཁ་བྲལ་རིང་ལུགས་པ་དང་ཡུ་གུར་མི་རིགས་ས་ཁུལ་གྱི་སྲིད་གཞུང་ལ་སྐྱོན་འདོན་ཡར་ཞུ་བྱེད་མཁན་ཚོ་དམིགས་འབེན་གཙོ་བོར་བཟུང་ནས་ཞིབ་བཤེར་དང་གཅར་རྡུང་སོགས་བྱེད་བཞིན་ཡོད་འདུགདེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་སྔོན་མའི་ནང་རྒྱ་ནག་པེ་ཅིན་གྲོང་ཁྱེར་དུ། རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་འཁྲིད་ཚོར་ཚོགས་འདུ་ཚོགས་ཏེ། ཞི་ཅིན་ཕིན་གྱི་གཙང་སེལ་ལས་འགུལ་གཞི་རྩར་བཟུང་ནས་འདི་ལོ་ནས་ཕྱི་ལོ་ ༢༠༢༡ བར་སྤྱི་ཚོགས་ཁྲོད་ཀྱི་ནག་ཚོགས་འབུར་འཇོམས་གཏོང་དགོས་སྐོར་གྱི་དོན་ཚན་བཞི་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་མ་ཟད། ནག་ཚོགས་འབུར་འཇོམ་གྱི་ལས་འགུལ་དེར་ས་གནས་སོ་སོ་ནས་དོ་ནན་ལག་བསྟར་དགོས་པའི་བཀོད་ཁྱབ་བཏང་ཡོད་སྟབས། ད་ལོའི་ཕྱི་ཟླ་གཉིས་པའི་ཚེས་མགོ་ནས་བཟུང་ལས་འགུལ་དེ་རྒྱ་ནག་གི་གྲོང་ཁྱེར་ཁག་དང་ལྷག་པར་དུ་གྲངས་ཉུང་མི་རིགས་ས་ཁུལ་དུ་ཤུགས་ཆེར་སྤེལ་གྱི་ཡོད་འདུག

རྒྱ་ནག་་གཞུང་འབྲེལ་ཤིན་ཧྭ་དྲ་བའི་གནས་ཚུལ་ནང་ནག་ཚོགས་འབུར་འཇོམ་ལས་འགུལ་གྱི་དམིགས་གཏད་གཙོ་བོ་གསུམ་ནི། ཁ་བྲལ་རིང་ལུགས་པ་དང་། དྲག་སྤྱོད་རིང་ལུགས་པ། ཐལ་སྤྱོད་རིང་ལུགས་པ་བཅས་ཡིན་ལ། ལྷག་པར་དུ་ཁ་བྲལ་རིང་ལུགས་པ་ཚོར་ལས་འགུལ་འདིའི་ཁྲོད་ནས་གུ་ཡངས་གཅིག་ཀྱང་མེད་ཅེས་བརྗོད་འདུག

བོད་ཀྱི་རྒྱལ་ས་ལྷ་ས་གཙོས་མཚོ་སྔོན་དང་སི་ཁྲོན། ཡུན་ནན་སོགས་ནས་ལས་འགུལ་དེ་སྤེལ་མགོ་ཚུགས་ཟིན་པ་དང་། ལྷ་སའི་ནག་ཚོགས་འབུར་འཇོམས་གསལ་བསྒྲགས་ནང་། ནག་ཚོགས་ཀྱི་དམིགས་གཏད་གཙོ་བོ་དེ་ཏྰ་ལའི་ཁ་བྲལ་ཤོག་ཁག་དང་ཏྰ་ལའི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན། དེ་བཞིན་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་བྱང་འོག་ནས་ལས་འགུལ་སྤེལ་མཁན་རིགས་ཡིན་སྐོར་བརྗོད་འདུག

དེ་བཞིན། མཚོ་སྔོན་གྱི་ནག་ཚོགས་འབུར་འཇོམ་གསལ་བསྒྲགས་ནང་དུ། ནག་ཚོགས་སྤྱོད་ངན་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་དང་དེ་བཞིན་ནག་ལས་སྤྱི་ཚོགས་ཀྱི་ངོ་བོ་ཅན་གྱི་རྩ་འཛུགས་ལ་འགེབ་སྲུང་དང་གུ་ཡངས་གཏོང་མི་ཡིན་ཕྱིན། ངེས་པར་དུ་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་མཐའ་དག་འཕྲལ་དུ་མཚམས་འཇོག་ཏུ་འཇུག་དགོས། བརྡ་ཁྱབ་འདི་བཏང་ཉིན་ནས་འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡ ཉིན་བར་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པ་དང་། རང་ཉིད་ཀྱི་ཉེས་སྤྱོད་དྲང་པོར་ཞུས་མཁན་རྣམས་ལ་ཁྲིམས་ལྟར་ཆད་པ་ཡང་མོ་གཅོད་ཆོག གཏན་འབེབས་ཀྱི་དུས་བཀག་ནང་མགོ་སྒུར་ཉེས་ཞུ་མི་བྱེད་པ་དང་། ནག་སྤྱོད་སྟོབས་ཤུགས་ལ་འགེབ་སྲུང་བྱེད་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣར་ཁྲིམས་དང་སྒྲིག་ལམ་ལྟར་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱ་རྒྱུ་དང་། འབྲེལ་བ་ཡོད་ས་སུ་ཞིག་ཡིན་རུང་ཚང་མར་རྩད་ཞིབ་མཐའ་གསལ་བྱས་ཏེ་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་། ཅེས་འཁོད་འདུག

ལས་འགུལ་དེ་སྤེལ་སའི་ས་གནས་སོ་སོའི་དམིགས་ཡུལ་དང་ནག་ཚོགས་ངོས་འཛིན་བྱེད་སྟངས་གཅིག་པ་མིན་པ་དང་། བོད་ཁུལ་དང་ཡུ་གུར་སོགས་ཀྱི་ནང་དུ་ཁ་བྲལ་ནག་ཚོགས་ལ་འབུར་འཇོམས་གཏོང་གི་ཡིན་ཞེས་བརྗོད་ཀྱི་ཡོད་ན་ཡང་། རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཧུའུ་ནན་དང་ཧྲན་ཏུང། ཧེ་པེ་སོགས་སུ་ནག་ཚོགས་འབུར་འཇོམས་ནི་སྲིད་གཞུང་ལ་སྐྱོན་འདོན་ཡར་ཞུ་དང་སྐུལ་སློང་བྱེད་མཁན་ཚོ་དམིགས་འབེན་གཙོ་བོར་བཟུང་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༢/༢༠

Leave a Reply

One thought on “བོད་ཁུལ་གྱི་ཁ་བྲལ་རིང་ལུཊ་པའི་ནག་ཚོཊ་འབུར་འཇོམ་བྱ་རྒྱུ་ཡིན།

  1. ༈ཆེས་ཕུལ་བྱུང་གི་མི་སྣ་ཁྱད་པར་བ་ ༧ མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གི་དེང་སྐབས་བོད་མི་རྣམས་ཀྱིས་ཀུན་སྤྱོད་དང་ཡ་རབས་རྒྱུ་དག་སྤུས་ཀ་ཐམས་ཅད་ནི་ཀླད་ཀོར་ལས་དམའ་བའི་འོག་ཏུ་ལྷུང་ཡོད་ཚུལ་གསུང་འདུག་པ་དྲ་ལམ་ཁག་ལ་འགྲོ་བཞིན་འདུག། བདག་གི་བསམ་ཚུལ་ལྟར་ན་མཁན་ཆེན་མཆོག་ནི་ཆེས་ཕུལ་བྱུང་གི་མི་སྣ་ཁྱད་པར་བ་ཞིག་ཡིན་ནའང་ཕྱོགས་གཅིག་གི་གནས་ཚུལ་ཙམ་ཤེས་པ་ལས་ཕྱོགས་གཞན་ཞིག་གི་གནས་ཚུལ་ད་དུང་མ་མཁྱེན་པའམ་ཡང་ན་འགྲེལ་བརྗོད་བྱེད་མ་བདེ་བ་ཞིག་ཡིན་སྲིད། དེ་ལ་རྒྱབ་ལྗོངས་དང་གཡོ་རྒྱུ་ཁྲམ་གསུམ་མགོ་སྐོར་སྐྱག་རྫུན་རྒྱུ་མཚན་སོགས་རྣམ་གྲངས་མང་པོ་ཞིག་ཡོད་པའི་བོད་སྤྱི་ཡོངས་དང་ལྷག་པར་བཙན་བྱོལ་ནང་གི་བོད་མི་རྣམས་ཀྱིས་རང་གཞུང་ལ་ཞེན་པ་ལོག་ནས་དགྲ་དགའ་གཉེན་སྡུག་གི་འཐབ་འཛིངས་༡༩༥༩་ནས་བཟུང་སྟེ་ད་ཐུག་གི་བར་དུ་རྒྱུན་མ་ཆད་པར་བྱུང་ཡོད། གནད་འགག་གཙོ་བོ་ཤ་ཁྲག་གཅིག་པའི་སྤུན་ཟླ་ནང་ཕན་ཚུན་བར་མ་མཐུན་པ་ཞིག་གཏན་ནས་མིན་པར་རྒྱལ་འཚོང་པ་ཁག་གཅིག་གིས། མི་རིགས་ཁ་བྲལ། ཆོལ་ཁའི་འཐེན་ཁྱེར། བླ་སྤྲུལ་རྩ་ཆེན་དང་ཆོས་ལུགས་བར་ལ་མཁོན་འཛིན། ཤེས་འཇོན་གཉིས་ལྡན་གྱིས་མི་སྣ་རྣམས་ལ་དྲིན་ལན་ལོག་འཇལ་དང་འབུར་འཇོམས། སེམས་ཤུགས་ལ་རྒྱ་བཟང་བའི་མི་སྣ་རྣམས་མཐར་སྤྲོད་དང་མ་ཉེས་ཁ་གཡོག བླ་སློབ་བར་ཆོས་དང་ཟིང་ཟང་གི་འབྲེལ་བ་བཅད་པ་སོགས་སྤྱི་ཚོགས་བརྟན་བརླིངས་ལ་གནོད་པའི་ཁྲག་དྲི་བྲོ་བའི་ལས་འགུལ་རབ་དང་རིམ་པ་མང་པོ་འཕགས་ཡུལ་རྡི་རམ་ས་ལ་ནས་སྤེལ་བ་རེད། གནོད་འཚེ་ཕོག་ཡུལ་བོད་མི་མང་ནི་རྒྱ་གར་ནག་གཉིས་ཀྱིས་གཙོར་བྱས་པའི་འཛམ་གླིང་མི་རིགས་ཐམས་ཅད་ཀྱིས་རྐང་འོག་ཏུ་རྒྱུ་བའི་འབུ་སྲིན་ལྟ་བུ་ཞིག་གམ་ཡང་ན་ཕྲུ་གུ་རྩེད་མོ་རྩེ་སྤྱད་སྤོ་ལོ་ལྟ་བུ་ཞིག་ཡིན་པས་འཛམ་གླིང་ཞི་བདེ་དང་དམངས་གཙོའི་ལྟ་གྲུབ་སོགས་ཁ་ནས་གླེང་ན་མི་ཤི་བོ་གད་མོ་ཤོར་བའི་རྒྱུ་ཡིན། རང་གཞན་ཡོངས་ཀྱིས་གཉའ་གནོན་དང་བཤུ་གཞོག་མཐོང་ཆུང་དམའ་འབེབས་ཐུབ་ཚོད་སོགས་རབ་དང་རིམ་པ་མང་པོ་སྔོན་ཆད་མྱོང་བ་དང་ད་ལྟ་མྱོང་བཞིན་པའི་མི་རིགས་བདག་མེད་ཉམ་ཆུང་དབུལ་འཕོངས་རྣམས་ལ་སྐྱབ་དང་སྐྱོབ་པ་ནི་གནམ་རྒན་མ་མ་གཏོག་གང་ཡང་མེད་པ་གསལ་ལྷང་ངེ་ཡིན་པས་རང་ཤ་བཅད་ནས་ཟ་བ་དང་རང་ལུས་མེར་བསྲེག་གཏོང་བཞིན་པ་དེ་རེད། ད་དུང་དེ་ལས་སྡུག་པའི་གནོད་འཚེ་ཕོག་པའི་བོད་མི་རྣམས་ཀྱིས་སེམས་གཏིང་ན་བཟོད་ཐབས་བྲལ་བའི་ནང་ཁུལ་དགྲར་འཛིན་གྱིས་བསམ་བློ་དང་མི་རིགས་མཁོན་འཛིན་གྱིས་བསམ་བློ་གཉིས་ཀ་རྒྱུན་འབྱམས་སུ་སོང་བའི་གྲུབ་འབྲས་ཞིག་མིན་ན་གང་ཡིན། མཁན་ཆེན་མཆོག་གི་སྤྱན་སྔར་འབྱོར་ཐུབ་པ་ཞིག་བྱུང་ན་ཅི་མ་རུང་། །།