འབག་སྐུ་ཞིག་གི་མཐེ་བོང་གིས་ཨ་རྒྱ་བར་རྙོག་དྲ་བཟོས།

ཨ་རིའི་འགྲེམས་སྟོན་ཁང་ཞིག་གིས་རིན་གོང་ཨ་སྒོར་ས་ཡ་ ༤།༥ ཡིན་པའི་རྒྱ་དམག་གི་འབག་སྐུ་ཞིག་གི་གཡོན་ལག་མཐེ་བོང་རྐུན་ལ་ཤོར་ཡོད་འདུག

དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཉེ་སྔོན་ཨ་རིའི་གྲོང་ཁྱེར་ཧྥི་ལ་ཌིལ་ཧྥི་ཡའི་ཧྥི་རན་ཁི་ལིན་(Franklin)ཤེས་ཡོན་ལྟེ་གནས་ཁང་གི་འགྲེམས་སྟོན་ཞིག་གི་ཐོག   ལོ་ངོ་ ༢༠༠༠ ལྷག་གི་ལོ་རྒྱུས་ལྡན་ཞིང་རིན་གོང་ཨ་སྒོར་ས་ཡ་ ༤།༥ ཡིན་པའི་རྒྱ་ནག་གོང་མ་ཆིན་ཧྲི་ཧྥང་(Qin Shi Huang)སྐབས་ཀྱི་དམག་མིའི་འབག་སྐུ་ཞིག་གི་གཡོན་ལག་མཐེ་བོང་རྐུན་ལ་ཤོར་ཡོད་པ་དང་། ཉེན་རྟོག་པས་བརྙན་ལེན་པར་ཆས་ནང་ཞིབ་བཤེར་བྱས་ཏེ། ལོ་ ༢༤ ཡིན་པའི་སྐྱེས་པ་མ་ཁེལ་རོ་ཧ་ན་(Michael Rohana)ཟེར་བ་ཞིག་བཟུང་ནས་འབག་སྐུའི་མཐེ་བོང་ཚུར་རག་པ་མ་ཟད། ཉེས་ཆད་བཅད་ཡོད་ཀྱང་། ཕྱིས་སུ་གཏའ་དངུལ་འོག་ཀློད་གྲོལ་བཏང་ཡོད་པར་བརྟེན། རྒྱ་ནག་གཞུང་ནས་ཉེས་ཅན་དེར་ཁྲིམས་ཆད་ལྕི་མོ་འབབ་ཀྱང་ཨ་རིའི་གཞུང་ནས་ཀློད་གྲོལ་བཏང་བར་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་ཟད།  རྒྱ་ནག་ཧྲན་ཞི་གནའ་བོའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་ཁང་གིས་ཆེད་མཁས་མི་སྣ་གཉིས་ཨ་རིར་མངགས་གཏོང་བྱས་ཏེ། འབག་སྐུའི་གནས་སྟངས་སོགས་ལ་ཞིབ་འཇུག་ནན་མོ་བྱས་རྗེས། ཨ་རིའི་ཤེས་ཡོན་ལྟེ་གནས་ཁང་དེས་སྐྱིན་ཚབ་མི་ཉུང་བ་ཞིག་སྤྲོད་དགོས་སྐོར་བརྗོད་ཀྱི་ཡོད་འདུག

རྒྱ་ནག་གི་ལས་བྱེད་ཅིག་གིས། རྒྱ་ནག་ཧྲན་ཞི་གནའ་བོའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་ཁང་ནས་གོང་མ་ཆིན་ཧྲི་ཧྥང་སྐབས་ཀྱི་དམག་གི་འབག་སྐུ་ཁག་འདས་པའི་ལོ་ངོ་ ༤༠ ལྷག་གི་རིང་རྒྱལ་སྤྱིའི་འགྲེམས་སྟོན་ཁང་ ༢༦༠ ཙམ་ཞིག་གི་ཐོག་འགྲེམས་སྟོན་བྱས་ཡོད་ཀྱང་།  ད་བར་གནས་ཚུལ་འདིི་རིགས་བྱུང་མྱོང་མེད། ཅེས་བརྗོད་ཡོད་པ་དང་། ཉེས་སྔོན་གྱི་འགྲེམས་སྟོན་ཐོག་རྒྱ་ནག་གཞུང་གིས་ཨ་རིའི་ཧྥི་རན་ཁི་ལིན་ཤེས་ཡོན་ལྟེ་གནས་ཁང་ལ་དམག་མིའི་འབག་སྐུ་ ༡༠ བུ་ལོན་ཐོག་གནས་སྐབས་རིང་གཡར་ཡོད་འདུག

བརྙན་ལེན་པར་ཆས་ལས་ཤེས་རྟོགས་བྱུང་བ་ལྟར་ན།  མ་ཁེལ་ཟེར་བའི་ཕོ་གསར་དེ་འགྲེམས་སྟོན་ཁང་གི་ནང་དུ་འཛུལ་ཏེ།  དམག་མིའི་འབག་སྐུ་ཞིག་དང་ལྷན་དུ་པར་ཞིག་བརྒྱབས་ཡོད་པ་དང་། དེ་ནས་ཁོས་འབག་སྐུའི་གཡོན་ཕྱོགས་ནས་མཐེ་བོང་བཀོག་སྟེ་ཕྱིན་པ་ཡོད་འདུག མ་ཁེལ་གྱིས་འབག་སྐུའི་མཐེ་བོང་རྩིས་སྤྲད་ཡོད་ཀྱང་། འགྲེམས་སྟོན་ཁང་ཞིག་དང་།  རྒྱལ་ཁབ་གཉིས་བར་སྐྱེལ་འདྲེན་བྱས་ཡོང་བའི་ཅ་དངོས་བཅག་པ་དང་བརྐུས་བར་ཉེས་ཆད་བཅད་ཡོད་འདུག

རྒྱ་ནག་གི་དམག་མིའི་འབག་སྐུ་དེ་དག་ནི་སྤྱི་ལོ་སྔོན་གྱི་ལོ་ ༢༠༩  ནང་སྟེ། རྒྱ་ནག་གི་རྒྱལ་རྒྱུད་ཐོག་མ་ཆིན་ཧྲི་ཧྥང་གི་སྐབས་བྱུང་ཞིང་། སྐབས་དེར་གོང་མ་ཆིན་ཧྲི་ཧྥང་གིས་རང་ཉིད་འདས་གྲོངས་སུ་ཕྱིན་རྗེས་རྒྱལ་ཁང་སྲུང་ཕྱིར་ངལ་རྩོལ་མི་མང་འབུམ་ ༧ ལྷག་ལ་ལས་བཀོད་བྱས་ཏེ། དམག་གི་འབག་སྐུ་སྟོང་ ༨ ལྷག་དང་། ཤིང་རྟ་འཁོར་ལོ་ ༡༣༠། དེ་བཞིན། སྤྱིར་བཏང་གི་ཞོན་རྟ་ ༥༢༠ དང་། དམག་རྟ་ ༡༥༠ བཅས་ཡོད་པའི་བང་སོའི་སྒྱུ་རྩལ་ཁང་ཞིག་བཟོས་ཡོད་པ་དང་། དེ་ནས་ཕྱི་ལོ་ ༡༩༧༤ ལོར་ཧྲན་ཞི་ཞིང་ཆེན་གྱི་ཞིང་པ་ཁག་ཅིག་གིས་ལོ་རྒྱུས་ཀྱི་ཀྱོག་མཚམས་ནས་བོར་བརླག་ཏུ་ཕྱིན་པའི་རྒྱལ་པོ་ཆིན་ཧྲི་ཧྥང་གི་བང་སོ་དང་། དེའི་སྒྱུ་རྩལ་ཁང་སོགས་རྙེད་སོན་བྱུང་སྟེ་རྒྱལ་ཁབ་ཀྱི་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་ཁོངས་སུ་བཀག་ཉར་བྱེད་ཀྱི་ཡོད་འདུག

གསར་འགོད་པ།  སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༢/༢༠

Leave a Reply

One thought on “འབག་སྐུ་ཞིག་གི་མཐེ་བོང་གིས་ཨ་རྒྱ་བར་རྙོག་དྲ་བཟོས།

  1. གཞུང་པ་ཚེ་དབང་བསོད་ནམས་

    བཙན་གནོན་འོག་གི་དམག་མིའི་མཐེ་བོང་རྐུ་ལ་ཤོར་བར་ཧང་སང་རྒྱུ་ཡོད་ན་རྒྱ་མིའི་བོད་མི་ས་ཡ་གཉིས་དམར་གསོད་དང་དགོན་པ་དྲུག་སྟོང་རྩ་མེད་བཏང་བའི་སྐྱིན་ཚབ་སུའི་སྤྲོད་ཀྱི་རེད་