ལྐོག་གསོད་པར་ཉེས་པ་མི་འདུག་ཟེར།

བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་གྱི་ཕ་གཅིག་ཕུ་བོ་ཀེམ་ཇོང་ནམ་གློག་བརྙན་འཁྲབ་སྟོན་བྱེད་ཁུལ་གྱིས་ལྐོག་གསོད་བྱས་འདུག་ཟེར།

བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་གྱི་ཕ་གཅིག་ཕུ་བོ་ཀེམ་ཇོང་ནམ་ལྐོག་གསོད་བྱེད་མཁན་ཝི་ཏི་ནམ་གྱི་བུད་མེད་ཌོན་ཐེ་ཧྥོན་དང་། ཧིན་རྡུ་ནེ་ཤི་ཡའི་བུད་མེད་སི་ཊི་ཨ་སི་ཡ་གཉིས་བཀག་སྐྱིལ་འོག་ཡོད་པ་དང་། བུད་མེད་དེ་གཉིས་ཀྱི་ཁྲིམས་རྩོད་པས་བྱང་ཀོ་རི་ཡའི་གསང་བའི་མི་སྣས་དགོད་བྲོའི་གློག་བརྙན་འཁྲབ་ཁུལ་བྱས་ཏེ། ཀེམ་ཇོང་ནམ་ལྐོག་གསོད་བྱེད་དུ་བཅུག་ཡོད་པས་བུད་མེད་གཉིས་ལ་ཉེས་པ་མེད་སྐོར་བརྗོད་འདུག

དེ་རིང་བྷི་བྷི་སི་གསར་ཁང་གིས་བརྗོད་ན། བུད་མེད་གཉིས་ཀྱི་ཁྲིམས་རྩོད་པས་ཀེམ་ཇོང་ནམ་ལྐོག་གསོད་མ་བྱས་སྔོན་ལ། བྱང་ཀོ་རི་ཡའི་གསང་བའི་མི་སྣས་གླ་ཆ་སྤྲད་དེ་བུད་མེད་དེ་གཉིས་ལ་གནམ་ཐང་དང་། ཁྲོམ་ར། དེ་བཞིན། མགྲོན་ཁང་སོགས་སུ་མི་གཞན་གྱི་ངོ་གདོང་ལ་བྱིས་པའི་ངོ་སྣུམ་བྱུག་ཏུ་བཅུག་སྟེ་དགོད་བྲོའི་གློག་བརྙན་འཁྲབ་ཁུལ་བྱས་ཡོད་པ་དང་། ཁོ་གཉིས་མགོ་སྐོར་འོག་ཚུད་དེ་མ་ལི་ཤི་ཡའི་གནམ་ཐང་ནས་ཁེམ་ཇོང་ནམ་ལྐོག་གསོད་བྱེད་དུ་བཅུག་ཡོད་སྟབས། ལྐོག་གསོད་བྱས་པའི་ཉེས་ཆད་མི་གཅོད་པའི་རེ་བ་ཞུ་ཡི་ཡོད། ཅེས་བརྗོད་འདུག

ལྐོག་གསོད་པ་བུད་མེད་ཨ་སི་ཡ་ཟེར་བ་དེའི་ཁྲིམས་རྩོད་པས། བྱང་ཀོ་རི་ཡའི་མི་ཞིག་གིས་ཨ་སི་ཡར་ཨ་སྒོར་ ༡༠༢༠ སྤྲད་དེ། དགོད་བྲོའི་གློག་བརྙན་ཞིག་འཁྲབ་སྟོན་ཆེད་ཀེམ་ཇོང་ནམ་སྐྱབས་བཅོལ་དུ་གནས་སྡོད་བྱས་ཡོད་པའི་(Macau)ཨོ་མིན་རང་སྲིད་རང་སྐྱོང་ཁུལ་དུ་འགྲོ་དགོས་སྐོར་བརྗོད་དེ་འགྲུལ་བཞུད་ཀྱི་གྲ་སྒྲིག་ཆ་ཚང་བྱས་ཡོད་ཀྱང་། ཕྱིས་སུ་རྒྱུ་རྐྱེན་གང་ཡིན་མ་ཤེས་པར་འགྲུལ་སྐྱོད་དེ་གློ་བུར་དུ་ཕྱིར་འཐེན་བྱས་འདུག ཅེས་བརྗོད་འདུག་ལ། མ་ལི་ཤི་ཡའི་ཉེན་རྟོག་པས། ཀེམ་ཇོང་ནམ་ལྐོག་གསོད་མ་ཐེབས་པའི་ཉིན་ ༥ ཡི་གོང་ལ་ཨ་སི་ཡ་ཡིས་གྲོགས་མོ་ཞིག་ལ་འཕྲིན་ཆུང་བཏང་སྟེ། མོ་རང་ཨོ་མིན་ནང་གློག་བརྙན་འཁྲབ་སྟོན་བྱེད་དུ་འགྲོ་རྒྱུ་ཡིན་ལུགས་བརྗོད་ཡོད་སྐོར་ལབ་འདུག

བྱང་ཀོ་རི་ཡའི་གཞུང་ནས་ཀེམ་ཇོང་ནམ་ལྐོག་གསོད་བྱས་པའི་དོགས་གཞི་རྩ་བ་ནས་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད། མ་ལི་ཤི་ཡའི་གཞུང་ནས་བྱང་ཀོ་རི་ཡར་མ་ཉེས་ཁ་གཡོག་བྱས་སྐོར་བརྗོད་དེ་བྱང་ཀོ་རི་ཡའི་ནང་ཡོད་པའི་མ་ལི་ཤི་ཡའི་མི་སེར་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད། གནད་དོན་དེའི་རྐྱེན་གྱིས་མ་ལི་ཤི་ཡའི་གཞུང་གིས་ཀྱང་སྐབས་དེའི་བྱང་ཀོ་རི་ཡའི་གཞུང་ཚབ་མི་སྣར་བཀག་སྡོམ་འདྲི་རྩད་བྱས་པ་སོགས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཛ་དྲག་ཏུ་གྱུར་ཡོད་པ་རེད།

ཀེམ་ཇོང་ནམ་ནི་བྱང་ཀོ་རི་ཡའི་སྲིད་འཛིན་འདས་པོ་ཀེམ་ཇོང་ཨེལ་གྱི་བུ་ཡིན་ཞིང་། ཁོ་གཞོན་དུས་ནས་ཕ་མའི་གོ་སྒྲིག་འོག བྱང་ཀོ་རི་ཡའི་གཞུང་འཛིན་ཆབ་སྲིད་ནང་ཞུགས་ཏེ་རྒྱལ་ཁབ་ཀྱི་གློག་ཀླད་ཞབས་ཞུའི་འགན་འཛིན་དང་། བདེ་འཇགས་ལྷན་ཁང་གི་འགན་འཛིན། དེ་བཞིན། དབུས་དྲིལ་བསྒྲགས་ལྷན་ཁང་གི་སློབ་སྟོན་པ་དང་སྤྱི་ཚོགས་བདེ་འཇགས་ལྷན་ཁང་གི་འགན་འཛིན་སོགས་ཀྱི་གོ་དབང་བཟུང་སྟེ། ཕ་ཀེམ་ཇོང་ཨིལ་གྱི་ཤུལ་འཛིན་པ་ཡིན་པའི་ངོས་འཛིན་ཐོབ་ཡོད་ཀྱང་། ཕྱི་ལོ་ ༢༠༠༡ ལོར་ཁོས་ཌོ་མི་ནེ་ཁན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྐྱོད་ལག་འཁྱེར་བེད་སྤྱོད་བྱས་ཏེ་ཉི་ཧོང་ནང་འཛུལ་བ་ཤེས་རྟོགས་བྱུང་རྗེས། རྒྱང་ཕུད་བཏང་སྟེ་ཨོ་མིན་ནང་སྐྱབས་བཅོལ་ཞུས་ཏེ་གནས་སྡོད་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༣ ཉིན་མ་ལི་ཤི་ཡའི་ཀོ་ལམ་པོར་རྒྱལ་སྤྱིའི་གནམ་ཐང་ནས་གློ་བུར་དུ་བུད་མེད་ཅིག་གིས་བཱེ་ཨེ་ཁུ་སི་ (VX Nerve Agent )ཞེས་པའི་དུག་རྫས་ཤིག་ཀེམ་ཇོང་ནམ་གྱི་གདོང་ལ་བྱུག་སྟེ། སྐར་མ་ཁ་ཤས་ལས་མ་འགོར་བར་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༨/༠༢/༢༣

Leave a Reply