འཚོགས་ལ་ཉེ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འགལ་ཟླ་རྩོད་རྙོག་བྱུང་གི་ཡོད་པ་དེ་དག་ཁ་གསལ་གཏིང་གསལ་དང་ཐག་གཅོད་ལེགས་པོ་གནང་རོགས་ཞེས་གྲྭ་ཐུབ་བསྟན་ཆོས་འཕེལ་ལགས་ཀྱིས་འབོད་སྐུལ་ཞུས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་ལྷོ་ཕྱོགས་སེར་བྱེས་གཙང་པ་ཁང་ཚན་ནས་ཡིན་པའི་གྲྭ་ཐུབ་བསྟན་ཆོས་འཕེལ་ལགས་ཀྱིས། ཉེ་སྔོན་ཁོང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་སྲིད་དབང་སྒེར་གཅོད་རྡོག་གཅིག་འབུར་ས་མེད་པ་བཟོ་བའི་ཆེད་དུ་རང་ལུས་མེར་སྲེག་གནང་རྒྱུ་ཡིན་པའི་གནས་ཚུལ་ཞིག་སྤྱི་ཚོགས་བརྒྱུད་ལམ་དུ་སྤེལ་ཡོད་པའི་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་བྱས་སོང་བ་དང་། ཁོང་གིས་འཛིན་སྐྱོང་བཀའ་ཤག་གི་ཕྱག་ལས་གནང་སྟངས་ཤིག་གིས་སྤྱི་ཚོགས་ནང་དཀྲུག་ཤིང་དང་འགལ་ཟླ་མང་པོ་བྱུང་ཡོད་སྟབས། འཆར་ལ་ཉེ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་དེ་ལ་ཐག་གཅོད་ཡག་པོ་ཞིག་དང་། སྤྱི་ཚོགས་ལ་ཁ་གསལ་གཏིང་གསལ་གྱི་གསལ་བཤད་ཅིག་ངེས་པར་དུ་གནང་དགོས་པའི་འབོད་སྐུལ་ཞུས་སོང་།
དེ་ཡང་གསར་འགོད་ལྷན་ཚོགས་ཐོག་གྲྭ་ཐུབ་བསྟན་ཆོས་འཕེལ་ལགས་ཀྱིས་ཤོག་ངོས་ལྔ་དང་དོན་ཚན་གསུམ་ཅན་གྱི་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་སོང་བའི་ནང་དུ། འདས་ལོའི་ཕྱི་ཟླ་༡༡ པའི་ནང་དང་ཟླ་འདིའི་ཚེས་ ༤ ཉིན་ཁོང་གིས་ཨམྲ་ཝ་ཏིའི་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་སོགས་མཇལ་སྐབས། ཁོང་གིས་རང་ལུས་མེར་བསྲེག་གཏོང་རྒྱུའི་བློ་ཐག་བཅད་པའི་གནས་ཚུལ་དེ་ཟླ་འདིའི་ཕྱི་ཚེས་༩ ཉིན་གྱི་མཚན་མོར་སྐད་འཕྲིན་རྒྱབ་ཏུ་བཀོད་པ་ཡིན། དེ་སྔོན་ནས་སྲིད་དབང་སྒེར་གཅོད་དང་ཕྱོགས་ཁག་དཔུང་སྒྲིལ་སོགས་ཡིད་སྐྱོ་བའི་གནས་སྟངས་མང་པོ་ཞིག་མཐོང་ཐོས་བྱུང་ཡོང་དུས་བསམ་བློ་ལན་མང་བཏང་བས་རང་ལུས་མེར་སྲེག་གི་བྱ་བར་འཇུག་དགོས་པ་འདྲ་མཐོང་། གང་ལྟར་གནད་དོན་གསུམ་ཚང་ན་རྩ་དོན་གྱི་དམིགས་ཡུལ་ཞིག་གི་ཆེད་དུ་རང་ལུས་མེར་སྲེག་ལས་འགུལ་སྤེལ་དགོས་པར་མཐོང་། གནད་དོན་གསུམ་ནི། བཙན་བྱོལ་བོད་མིའི་མཐོ་རིམ་དབང་འཛིན་པའི་ཁྲོད་དུ་སྲིད་དབང་སྒེར་གཅོད་ཡོད་པ་དང་། སྲིད་དབང་སྒེར་གཅོད་ལ་ངོས་ལེན་མི་བྱེད་པ། སྲིད་དབང་སྒེར་གཅོད་ལ་ཡོ་སྲང་མི་བྱེད་པ་བཅས་གསུམ་ཡིན། རྩ་དོན་གྱི་དམིགས་ཡུལ་གཅིག་ནི་བཙན་བྱོལ་སྒྲིག་འཛུགས་ནང་དུ་སྲིད་དབང་སྒེར་གཅོད་ཀྱི་མགོ་བོ་རྡོག་གཅིག་ཀྱང་འབུར་ས་མེད་པ་བཟོ་རྒྱུ་དེ་ཡིན། ཅེས་བརྗོད་འདུག
ཡང་ཁོང་གིས། བོད་ཀྱི་མང་གཙོའི་སྲིད་གཞུང་འདི་རིན་ཐང་ཆུང་ཆུང་ཞིག་ག་ལ་ཡིན། འདི་ནི་ལོ་ངོ་བརྒྱ་ཡི་ཡར་སྔོན་༧སྐུ་མདུན་སྐུ་གོང་མའི་སྐབས་ནས་དགོངས་བཞེས་མཛད་ཅིང་འགོ་འཛུགས་ཐབས་ཤེས་མཛད་ཡོད། ༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཆོས་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་འབད་ཐབས་མཛད་ཅིང་། མི་ལོ་ལྔ་བཅུ་ལྷག་ཙམ་རིང་གཡས་སྐྱོར་གཡོན་སྐྱོར་གྱིས་སྐྱེད་སྲིང་མཛད་པའི་མང་གཙོའི་སྲིད་གཞུང་ཚད་དང་ལྡན་པ་ཞིག་ཡིན། འདི་ཉིད་བོད་མི་རིགས་རིག་གཞུང་དང་བཅས་པ་རྒྱུན་གནས་ཐུབ་པའི་ཀ་བ་ལྟ་བུར་གཟིགས་ནས་འཛུགས་གནང་མཛད་པ་ཡིན། གཞིས་བྱེས་གཉིས་ཀྱི་མི་མང་གི་རེ་ལྟོས་བཅོལ་སའི་གཞུང་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་དང་ལྔ་བཅུ་ལྷག་གིས་རྒྱ་གཞུང་ལ་ཞི་རྒོལ་གྱིས་སྐུ་ལུས་མེ་ལྕེར་བསྒྲོན་སྐབས་ཤི་དུར་ཁུང་ནས་རེ་བའི་མིག་འབུར་སྲིད་གཞུང་འདི་ལ་གཏད་ཡོད། ཡུལ་གྲུ་གཞན་སུ་གཅིག་གི་སྲིད་གཞུང་དང་བསྡུར་ཐབས་མེད་པའི་སྲིད་གཞུང་ཡིན། འདི་འཛུགས་མཁན་གྱི་ཆ་ནས་བསྡུར་ཐབས་མེད་ལ། དམིགས་ཡུལ་གྱི་ཆ་ནས་བསྡུར་ཐབས་མེད། སྐྱེད་སྲིང་མཛད་སྟངས་ཀྱི་ཆ་ནས་བསྡུར་ཐབས་མེད། དེར་བརྟེན་ང་ཚོའི་མང་གཙོའི་སྲིད་གཞུང་འདིར་མཐོ་རིམ་དབང་འཛིན་པས་གང་བྱུང་བྱེད་དབང་མེད་ཅིང་བྱེད་ཀྱང་མི་རུང་། ཞེས་བརྗོད་འདུག
འཚོགས་ལ་ཉེ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འབོད་སྐུལ་བྱས་དོན། སྲིད་གཞུང་འདི་ནི་ཡུལ་གྲུ་གཞན་དག་གི་སྲིད་གཞུང་ལས་ཁྱད་པར་དུ་འཕགས་པ་ཞིག་ཡིན། གོང་ཞུས་ཀྱི་སྐྱོ་གནས་རྣམས་ནི་འཛིན་སྐྱོང་བཀའ་ཤག་གིས་ཕྱག་ལས་གནང་ཕྱོགས་དང་འབྲེལ་བ་ལས་བྱུང་ཡོད། ད་དུང་བློ་འཚབ་འབྱུང་གཞི་གཞན་ཞིག་ནི་གནད་དོན་དེ་དག་ཐག་གཅོད་ལེགས་པོ་ཡོང་རྒྱུའི་ཚབ་ལ་རྣོ་ངར་ལྡན་པའི་འཐབ་རྩོད་དང་། ཕྱོགས་འཐེན་དཔུང་སྒྲིལ་གྱི་འཐབ་རྩོད་བརྒྱུད་ནས་དཀར་ནག་གོ་ལྡོག་གི་ཐག་གཅོད་ཀྱི་ཐོག་ལ་འགྲོ་རྒྱུའི་ཉེན་ཁ་ཐོན་བཞིན་ཡོད། གནད་དོན་འདི་ཚོ་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་རྒྱུའི་སྐུ་དབང་ཡོངས་སུ་རྫོགས་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་གོང་ཞུས་ཀྱི་ཁྱད་ཆོས་ལྡན་པའི་ང་ཚོའི་སྲིད་གཞུང་འདི་སྲུང་སྐྱོབ་བྱེད་མཁན་ལ་འཕགས་མཆོག་ཕྱག་ན་པདྨོས་ཕྱུགས་རྫི་ལྟ་བུར་མངགས་པ་ཞིག་དང་། བོད་ཆོལ་གསུམ་རྒྱལ་ཡོངས་མི་མང་གི་སྐུ་ཚབ་ཏུ་མངགས་པའི་ཕ་མ་ལྟ་བུའང་ཡིན། ཡིན་ནའང་ཁོང་རྣམ་པས་རང་འཁྲིའི་འགན་ཁུར་ཚད་ལྡན་མི་ཞུ་བའམ་ངན་རྒྱབ་དཔུང་སྒྲིལ་སོགས་ལྡོག་ཕྱོགས་ཀྱི་བྱ་འགུལ་འཐོན་ཚེ། གོང་ཞུས་ཀྱི་རིན་ཐང་ལ་བརྩི་བཀུར་ཞུ་ཐབས་བྲལ་བ་ཞིག་ཆགས་ཀྱི་རེད། གསར་འགོད་གསལ་བསྒྲགས་འདི་བརྒྱུད་ནས་བཀུར་འོས་སྤྱི་འཐུས་རྣམས་ལའང་གསལ་འདེབས་ཞུ་རྒྱུ་ཞིག་ལ། རང་ཉིད་ལ་གོང་ཞུས་ཕྱུགས་རྫི་ལྟ་བུ་དང་ཕ་མ་ལྟ་བུར་འཛིན་པའི་མཚན་གནས་རྗེས་འབྲེལ་གྱི་ཆེ་མཐོང་ལ་རང་སྲུང་ཐུབ་པ་དང་རང་འཁྲིའི་ཐུགས་འགན་ཆ་ཚང་བཞེས་ཐུབ་པའི་གསོལ་འདེབས་ཞུ་བཞིན་ཡོད། གལ་ཏེ་དེ་ལྟར་མ་བྱུང་ཚེ་མཇུག་འབྲས་ངན་པ་ལྷག་ན་འགན་འཁྲི་སུ་ཞིག་ལ་བབ་མིན་ཐུགས་ལ་མངའ་བར་ཞུ། ཞེས་བརྗོད་འདུག
མཇུག་ཏུ་གསར་འགོད་པས། སྤྱི་འཐུས་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་གནད་དོན་དེ་དག་གི་ཐོག་གླེང་སློང་དང་བཟང་ཕྱོགས་ཀྱི་འགྱུར་བ་མ་བྱུང་བ་ཡིན་ན། ཁྱེད་ཀྱིས་རང་ལུས་མེར་སྲེག་ལས་འགུལ་གྱི་ལམ་ཀ་དེར་འགྲོ་རྒྱུ་ཡིན་ནམ་ཞེས་དྲིས་པར་ཁོང་གིས། གནས་སྟངས་ལ་ལྟ་ཡི་ལྟ་ཡི་བྱས་ཏེ་ཐག་གཅོད་དགོས་པ་ཞིག་རེད། ཅེས་བརྗོད་སོང་།
ཡང་གྲྭ་ཐུབ་བསྟན་ཆོས་འཕེལ་ལགས་ཀྱི་རེ་སྐུལ་ལྟར་གནད་དོན་འདི་དང་འབྲེལ་ནས་སྒེར་འབྲེལ་གནང་འདོད་ཡོད་མཁན་ཚོས་ཁོང་གི་ཁ་པར་ཨང་གྲངས་ ༩༨༨༠༠༡༧༩༡༦ ཐོག་འབྲེལ་བ་གནང་རོགས།
གསར་འགོད་པ། སངས་རྒྱས་དཀོན་མཆོག